རྗེས་དྲན་དད་པའི་རླབས་ཕྲེང་།

དམེ་ཤུལ་ལྷ་མོ་སྐྱབས།        2019-05-22

ཇི་སྙེད་ཆོས་ཀུན་ཐུགས་ལ་མངའ་བ་ཡིས།།

རྨོངས་མུན་དགྲ་ཡི་མགོ་གཅོད་དྲིན་ཆེན་རྗེ།།

བསྟན་པ་ཚུལ་བཞིན་སྐྱོང་བའི་དེད་དཔོན་མཆོག།

ཡབ་རྗེ་སྐལ་ལྡན་རྒྱ་མཚོས་ཤིས་པ་སྩོལ།།                  

རྒྱལ་ཀུན་མཁྱེན་རབ་གཅིག་བསྡུས་སྒྱུ་འཕྲུལ་གྱིས།།

སྙིགས་མའི་མུན་ཚོགས་ཆུ་གཏེར་མཐར་བདས་ཏེ།།

རྫོགས་ལྡན་སྐྱ་རེངས་མཁའ་ལ་བསུ་བའི་མགོན།།

སྣང་བ་མཐའ་ཡས་མཆོག་ལ་གུས་པས་འདུད།།

མཚུངས་མེད་སྙིང་རྗེ་ཆེན་པོའི་བྱིན་རླབས་མཐུས།།

སྐྱེ་འགྲོའི་སླད་དུ་ཆོས་ཀྱི་འཁོར་ལོ་བསྐོར།།

ཞབས་ཟུང་རི་མོར་འགོད་པའི་དན་རྟགས་སུ།།

དད་གསུམ་སོར་རྩེས་ཅི་དགར་འཁྱུག་ལ་བརྩོན།།

ལས་ཀྱི་དུབ་པའི་གདུང་བ་ཁྱད་བསད་ནས།།

གཞུང་ཆེན་བཀའ་པོད་ལྔ་སོགས་ཉམས་བཞེས་མཛད།།

ཕྱག་མཐིལ་རྫས་བཞིན་དོན་གྱི་གནད་ཉིད་ལ།།

གཞན་དྲིང་མི་འཇོག་ཁྲི་འཕང་བདག་གིར་བཞེས།།

མཚུངས་མེད་བསྟན་པ་འཛིན་སྐྱོང་སྤེལ་བ་ལས།།

སྐུ་གསུང་ཐུགས་དང་རྟེན་བཅས་གསར་དུ་བཞེངས།།

ཆོས་ཀྱི་སློབ་གྲྭ་དང་ནི་དགོན་སྡེ་སོགས།།

ཐུགས་རྗེའི་ར་བའི་གུར་ནས་འདོར་མེད་མཛད།།

དད་ལྡན་སེར་སྐྱ་དང་ནི་མང་ཚོགས་ལ།།

དུས་འཁོར་དབང་ཆེན་དང་ནི་འཇིགས་བྱེད་དང་།།

བྱང་ཆུབ་ལམ་གྱི་རིམ་པའི་བཀའ་ཁྲིད་སོགས།།

བསྟན་པ་མི་ཉམས་ཕྱིར་དུ་ཡར་དར་མཛད།།

གཞན་ཡང་རིགས་ཀྱི་བདེ་སྡུག་ཁུར་བཞེས་ཏེ།།

ཉིན་མཚན་ཀུན་ཏུ་ཁོམ་མེད་ཐུགས་རྗེ་ཡིས།།

མི་རིགས་སློབ་གསོ་དང་ནི་རིག་གནས་དང་།།

དཔལ་འབྱོར་གོང་འཕེལ་སོགས་ཀྱི་འཕྲིན་ལས་བསྐྱངས།།

སྲིད་ཀྱི་སྟེགས་ལ་བུད་དེ་མི་རིགས་ཀྱི།།

དོན་ཆེན་ཁུར་དུ་བཞེས་པའི་འབྲས་རྟགས་སུ།།

ཏང་གི་བྱེད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་སོགས།།

ཁྲིམས་མཐུན་འཁར་བར་བརྟེན་ཏེ་ཆོས་སྲིད་བསྐྱངས།།

སྔ་རྒོད་ཕྱི་རྒོད་དུས་ཀྱི་བར་ཆད་ལ།།

ལུང་རིགས་གནམ་ལྕགས་ཐོག་གི་སྒྲ་ཆེན་པོས།།

གནམ་སའི་བར་དུ་འགེངས་བར་བྱས་པ་ན།།

པཎ་ཆེན་བླ་མ་ཁྱེད་ཉིད་བོད་ན་རྒྱལ།།

དུས་ངན་སྙིགས་མའི་སྐབས་སུ་བཙོན་ལ་བཞུགས།།

གདུང་བའི་མྱ་ངན་སྣ་ཚོགས་སེམས་ནས་སྒོམ།།

ལྷག་བསམ་དག་པས་བོད་ཀྱི་ལས་དོན་ལ།།

འགྲམ་པའི་རུས་དག་ཟད་པའི་བར་དུ་བརྩོན།།

ལྷག་བསམ་ཟླ་དཀར་འཛུམ་པའི་འདབ་བརྒྱ་ལས།།

ཡོངས་གྲོལ་དུས་ཀྱི་བཤེས་གཉེན་ཁྱོད་ཐུགས་ལས།།

མཁྱེན་རབ་རྟོགས་པའི་ཡིག་འབྲུ་ཁྲི་བདུན་སོགས།།

ཆོས་སྲིད་དགའ་ཚལ་དག་ན་འོད་དུ་འཚེར།།

མཚན་དཔེ་རབ་ཏུ་བཀྲ་བའི་མཚུངས་མེད་སྐུ།།

ཐོས་པ་དོན་ལྡན་ཆོས་ཀྱི་འཁོར་ལོའི་གསུང་།།

ཡེ་ཤེས་སྤྱན་དང་སྲིད་གསུམ་མཁྱེན་པའི་ཐུགས།།

སྐུ་གསུང་ཐུགས་ཀྱི་མཛད་པ་གཞལ་དུ་མེད།།

མ་གྱུར་སེམས་ཅན་ཡོངས་ཀྱི་གཙུག་རྒྱན་དུ།།ཙ

ཆོས་སྲིད་ཉི་ཟླའི་འོད་སྣང་སྦྱིན་པའི་མགོན།།

མ་འོངས་རིགས་ལྡན་རྒྱལ་བའི་སྐུ་བལྟམས་ཚེ།།

བདག་སོགས་འཁོར་གྱི་ཐོག་མར་སྐྱེ་བར་ཤོག།

  • ལེ་ཚན་སྔོན་མ།:ཁྱོད་ཞལ་མ་མཐོང་བའི་ཉིན་ཞག
  • ལེ་ཚན་རྗེས་མ།:དྲིན་ཕ་མའི་ཡན་ན་དྲིན་ཆེན་མེད།