བརྩེ་བའི་ཞུ་གསོལ།

འབའ་ཁུ་ལོ།        2019-04-01

A དྲོད་ཁོལ།

ང་ཡི་དགུན་ཟླ་ལྟ་བུའི་མི་ཚེ་འདིར།

འོད་སྣང་དང་དྲོད་ཁོལ་འདྲེན་མཁན་ཁྱོད་ལ།

ད་ནི་ནག་ཉེས་དང་རྨ་ཁ་བཟོ་ཐབས་མི་འདུག

བརྩེ་གདུང་གི་མྱེ་ཁ་གསོ་མཁན་གྱི།

ཕུགས་འདུན་ལ་གཤོག་པ་སྤྲོད་མཁན་གྱི།

ངའི་དགུན་འཁྱག་ལྟ་བུའི་མི་ཚེ་འདིའི་མེ་དཔུང་ཁྱོད་ཨང་།


B ཞེ་འདང་།

ལག་པ་བྲང་ཁར་བཞག་ནས་འདང་ཞིག་བརྒྱབ་ན།

མཛེས་སྡུག་མཐའ་དག་ལ་ཁ་དོག་བྱུགས་མཁན་ཁྱོད་རེད་ལ།

ན་ཟུག་ཡོད་ཚད་ལ་སྐྱོར་ཡ་གནང་མཁན་ཡང་ཁྱོད་རེད།

དྲན་པའི་ལྡེབས་ངོས་ལ་ཡང་ཡང་རེག་ཚེ།

ཁྱོད་ཁོ་ན་སེམས་པའི་ཕྱི་ནང་ལ་ཡང་ཡང་འབྱར་ཡོང་།


C ལེགས་སྐྱེས།

ལག་པའི་ནང་དུ་ལག་པ་བཞག་ན།

ཚར་དཀར་གོང་བའི་ཁ་ནས་དྲོད་ཁོལ་འཕྱུར་ཡོང་།

སེམས་པའི་ནང་དུ་སེམས་པ་བཞག་ན།

ལམ་གྱི་སྐྱ་མོ་ཐང་ལ་ལྗང་ལོ་འབུས་ཡོང་།


D ཁྱོད་ཀྱི་མཛེས་སྡུག

ཁྱོད་རང་རླུང་ཁར་མ་འགྲོ།

སྐྱི་བསེར་རླུང་གིས་ཁྱོད་ཀྱི་དྲི་བསུང་ཁྱེར་ན།

སྡེ་ཆེན་ཁྲོམ་པ་མྱོས་འགྲོ།

ཁྱོད་རང་ཁྲོམ་ལ་མ་འགྲོ།

ན་ཟླ་མང་པོས་ཁྱོད་ཀྱི་མཛེས་སྡུག་མཐོང་ན།

མིག་གིས་རྡོག་ལམ་བོར་འགྲོ།


E མཛའ་གཞས།

གོམ་ཆུང་ལྷོད་ཀྱིས་ལེན་དུས།

མེ་ཏོག་དང་སྦྲང་ཆུང་གི་དྲན་པ་སྦྲིད་སོང་།

ཁྱོད་ཀྱི་གོམ་སྒྲ་རྩྭ་མགོའི་ཟིལ་ཆུང་གིས་བཏེགས་ཏེ།

དྭངས་གཙང་གི་མཛེས་པས་ང་ཡི་ཡིད་སེམས་བརླན།

དྲན་གདུང་སེམས་ཀྱིས་གཉོར་དུས།

ཨ་སྔོན་དང་ས་གཞི་ཡི་རྣམ་ཤེས་འཁུམ་སོང་།

ཁྱོད་ཀྱི་དྲན་གླུ་ཉི་མའི་འོད་ཟེར་གྱིས་བསྐྱོར་ཏེ།

དྲོད་འཇམ་གྱི་ཚིག་འབྲུས་ང་ཡི་རུས་རྐང་བྲུས།


  • ལེ་ཚན་སྔོན་མ།:ཉི་ཟླའི་བརྩེ་བ།
  • ལེ་ཚན་རྗེས་མ།:མགོ་ལོག་བུ་མོ།