ཉི་ཟླའི་བརྩེ་བ།

དྲང་མིག        2019-04-01

སྤྲིན་དཀར་ལང་ལོང་བཞུར་བའི་བྱ་ལམ་དུ།།

རི་བོས་རྒྱང་ཐག་བཅད་པའི་རྒྱང་རིང་དེར།།

མི་འགྱང་རྟ་བདུན་དབང་པོ་གསེར་ཞལ་མངོན།།

སྙིང་གྲོགས་ཟླ་བའི་མཐོང་བ་ཨེ་ལགས་སམ།།


སྙིང་གཏམ་ཆར་གྱི་གཟེགས་མས་སེམས་པ་བརླན།།

བརྩེ་བའི་འཇའ་ཚོན་སྣ་ལྔའི་འཇིག་རྟེན་མཛེས།།

སེམས་དང་སེམས་པའི་གསང་བའི་བར་མཚམས་རེར།།

དྲན་པའི་སྒོ་མོ་རྡུང་བ་སུ་ཡིས་ཚོར།།


སྐར་ཚོགས་དུ་མས་མཛེས་སྡུག་མཁའ་རུ་མངོན།།

ཡིད་འོང་ཀུ་མུད་གཉེན་གྱི་མཛེས་སྡུག་དེ།།

སྙིང་གྲོགས་རྟ་བདུན་དབང་པོས་མཐོང་བ་ན།།

དགའ་སྐྱོ་ཡིད་ཀྱི་སྡུག་བསྔལ་མ་ལས་སེལ།།


ཁྱེད་ཞལ་མཐོང་ན་དགའ་བའི་འཛུམ་མདངས་འཁྱིལ།།

བརྩེ་བའི་མེ་ཏོག་འདབ་མ་ལྷོད་ཀྱིས་གྲོལ།།

བསིལ་ཞིང་འཇམ་པའི་རེག་བྱ་བདེ་མོ་དེས།།

བདག་ཡིད་ཚིམས་སོ་མཚན་མོའི་ནོར་བུ་ཟེར།།


རི་འགོར་སྨུག་སྤྲིན་འཐིབས་པའི་ལ་ལུང་དུ།།

རྩི་ཤིང་སྣ་བརྒྱའི་མཛེས་སྡུག་ཡིད་འོང་ཞིག

ཟླ་བཞིའི་ཁུ་ལོས་གསུང་སྐད་སྙན་ལྷང་ལྷང་།།

རྩྭ་དང་རྩི་ཤིང་མགོ་ལྕོགས་ལྡེམས་སེ་ཡག།


སྐྱ་རེངས་དང་པོའི་སྣང་བས་ནམ་ལང་ཁར།།

ཉི་ཟེར་དགོང་ནས་འཕྲོས་པའི་མཛེས་པ་འཚོལ།།

གསལ་ལ་མི་གསལ་ཀུ་མུད་གཉེན་གྱི་བཞིན།།

ལྟས་པས་གྱེས་བྲལ་གདུང་བ་ཡོད་དམ་སྙམ།།


མཚམས་སྤྲིན་དམར་པོ་རྒྱང་རིང་རི་ནས་མཆེད།།

ཟླ་བའི་བཞིན་རས་མཛེས་ཤིང་ཡིད་དུ་འོང་།།

སྙིང་གྲོགས་རྟ་བདུན་རྒྱང་ནས་རྒྱང་དུ་གྱེས།།

སོ་སོའི་གྱེས་བྲལ་གདུང་བའི་མནར་བཞིན་ཆས།།


  • ལེ་ཚན་སྔོན་མ།:སྙན་ཚིག་ཁུན་ཆུ་ལིའི་མདངས།
  • ལེ་ཚན་རྗེས་མ།:བརྩེ་བའི་ཞུ་གསོལ།