སྙན་ཚིག་ཁུན་ཆུ་ལིའི་མདངས།

སྲོད་རླུང་།        2019-03-29

རིང་ཐུང་གསུམ་གྱི་ནང་མི་<ནག་རླུང་ཐར་>གྱི་སྐྱེས་སྐར་ལ་བྲེལ་ཟིང་ཞིག་གི་བར་གླགས་ནས་བྲིས་པ།

 

འཆར་ཡན་རི་སྐྱེས་བུ་མོའི་འགྲོས་ཤུགས་ལ་ལྡེམ་པའི།།

ཚོགས་དྲུག་སྣང་བ་བཏུ་བའི་ཆུ་སྐྱེས་ཀྱི་གཞོན་ནུ།།

སེམས་པའི་རི་ཐང་གཉིས་སུ་མཛེས་སྡུག་གིས་འཚེར་བ།།

ལས་ཀྱིས་ཁྱོད་ལ་གནང་བའི་བསོད་ནམས་ཀྱི་སྐར་ཆེན།།

 

ཀུན་རྟོག་པིར་རྩེར་དཔྱངས་པ་ཡི་གེ་ཡི་ཐ་སྙད།།

ཉི་ཟླའི་རྣ་ཆ་བགྱིས་པའི་ཁྲི་འཕང་ལ་བཀོད་ན།།

སྣང་བའི་རྒྱལ་ཁམས་ཉུལ་བའི་སེམས་པ་དེའི་བདག་པོ།།

རྟོག་སྣང་སྨུག་ཟིལ་ཁྲོད་ཀྱི་སྙན་ངག་གི་བུ་མོ།།

 

ཚིག་གི་མདུད་པ་གྲོལ་བའི་རང་བྱུང་གི་སྙན་དབྱངས།།

ངག་གི་གཙང་བོར་བརྒལ་བའི་སྣང་གཟུགས་ཀྱི་འཕྲུལ་མ།།

མི་ཚེའི་དབྱར་ལྗོངས་རྫོགས་པའི་ལམ་གྲོགས་དེ་མཉན་ན།།

སྣང་སྲིད་མཛེས་པ་མ་ལུས་སྙན་ངག་ལ་དྲོངས་ཤོག།

 

ལམ་གྱི་ཉི་འོད་ཟེར་མ་གདོང་མདུན་ལ་བསུས་ཏེ།།

རང་གི་སྣང་བ་མཐུན་པའི་གླུ་ཆུང་ཞིག་ལེན་པ།།

རི་གྲོང་ཁེར་ལམ་སྙེག་པའི་སྣང་བ་འདི་ཁོ་ནས།།

ང་དང་ཁྱོད་ལ་དགོས་པའི་འཚོ་བ་དེ་བསྐྱལ་ཆོག།

 

བཙོ་སྦྱང་ཐབས་ལས་འཁྲུངས་པ་སྙན་ངག་གི་མེ་ཏོག།

འཚོ་བའི་ཐང་ཤིང་སྔོན་མོའི་ལྗོན་རྩེ་རུ་ཕབ་སྟེ།།

མངར་སྐྱུར་གཉིས་འདྲེས་བྱས་པ་འཇིག་རྟེན་གྱི་ཁམས་འདིར།།

རང་སེམས་རྣལ་མ་མཚོན་པའི་སྙན་ངག་དེ་བྲིས་ཤོག།

 

མི་ཚེ་སྤྲིན་དཀར་འགྱུ་བའི་གསོབ་འཕྱུར་ལ་མ་ལྟ།།

མི་རྟག་ཐ་སྙད་སྐམ་པོའི་རིང་ལུགས་ལ་མ་ཞེན།།

མགོ་བོ་རང་ལ་ཡོད་པའི་ང་རྒྱལ་གྱི་འཆིར་འཇུག།

ཡི་གེའི་མཁའ་ཡི་སྐར་བརྒྱའི་གཟི་འོད་ལ་བསྲེས་ཤོག།

 

དཔེ་ཀློག་གཡང་ལ་འཁུར་བའི་བགྲེས་སོང་གི་རྨི་ལམ།།

སློབ་སྦྱོང་སྐར་མའི་ཁུན་པ་བྱིས་བློ་ཡི་བསྡུས་གཟུགས།།

དོན་དམ་མེ་ལོང་གསལ་བའི་རང་གཟུགས་དེ་མིན་པས།།

རང་སེམས་མཚོན་བྱེད་དམ་པའི་སློབ་སྦྱོང་ལ་རེམ་ཤིག།


  • ལེ་ཚན་སྔོན་མ།:བསམ།
  • ལེ་ཚན་རྗེས་མ།:ཉི་ཟླའི་བརྩེ་བ།