བསམ།

སྟག་རིག་འབྲུག་ཐར།        2019-03-29

གཡུ་འབྲུག་སྔོན་མོའི་ཞེ་ཕུགས་ལ།།

འབྲུག་སྐད་བར་སྣང་བསྐྱིལ་ན་བསམ།།

སྤྲིན་དཀར་ལ་ཐོད་མ་དཀྲིས་ན།།

ཆར་ཆུའི་དངོས་གྲུབ་གང་ནས་འཇོ།།

 

གངས་སེང་དཀར་མོའི་བློ་རྩེ་ལ།།

རི་དྭགས་འཁོར་ཚོགས་འདུས་ན་བསམ།།

ལྷུན་པོར་གངས་ཀྱིས་མ་བཟུང་ན།།

གཡུ་རལ་མཁའ་ལ་གང་ནས་གསིག།

 

ལྟོ་དཀར་ཉ་མོའི་རྒྱུ་ལམ་ལ།།

མཚོ་མོར་རླབས་རིས་རྩེན་ན་བསམ།།

མཚོ་མོའི་བཞིན་རས་མ་དྭངས་ན།།

འཁྱུག་རྩལ་བདེ་མོ་གང་ནས་ངོམ།།

 

ངང་བ་དཀར་མོའི་འཕུར་ལམ་ལ།།

སྐྱི་བསེར་རམ་བུས་བསྟད་ན་བསམ།།

མཚོ་མོའི་དར་ཁ་མ་ལྷོད་ན།།

གཤོག་རུ་བརྐྱངས་ནས་གང་ལ་འབབ།།

 

ཁུ་བྱུག་སྔོན་མོའི་རེ་སྨོན་ལ།།

གསུང་སྐད་ནགས་ལ་ཁྱབ་ན་བསམ།།

ཚང་ཚིང་ནགས་ཚལ་མ་འཛོམ་ན།།

དཔྱིད་དཔལ་བུ་མོ་ཅི་ལྟར་བསུ།།

 

རྩ་བའི་བླ་མའི་ཐུགས་དགོངས་ལ།།

འགྲོ་དྲུག་ཐར་བ་ཐོབ་ན་བསམ།།

གདུལ་བྱའི་ཞིང་ས་མ་གྲུབ་ན།།

ཆོས་ཀྱི་གྲུ་ཆར་གང་ལ་འཇོ།།

 

དབང་ཆེན་དཔོན་པོའི་བཞེད་དགོངས་ལ།།

དམངས་རྣམས་དབུལ་ལས་ཐར་ན་སྙམ།།

ཞི་བདེའི་ལམ་ལ་མ་བཀོད་ན།།

བཀའ་བཀོད་ཟབ་མོ་སུ་ལ་གཏོང་།།

 

བཤེས་གཉེན་དམ་པའི་དགོངས་པ་ལ།།

བུ་སློབ་རིག་པས་ཕྱུག་ན་བསམ།།

ལེ་ལོའི་བདུད་ཀྱིས་མ་བཏང་ན།།

གཡུར་ཟའི་འབྲས་བཟང་གང་ནས་སྨིན།།

 

རྩོམ་ཚུལ་སྦྱོང་པའི་སྨྱུག་འཛིན་པར།།

རྩོམ་རིག་འདབ་ལག་རྒྱས་ན་བསམ།།

ཚོར་བའི་མེ་སྟག་མ་མཆེད་ན།།

སྙན་ཚིག་སྲད་བུ་ཅི་ལྟར་བརྒྱུ།།


  • ལེ་ཚན་སྔོན་མ།:བརྩེ་བ།
  • ལེ་ཚན་རྗེས་མ།:སྙན་ཚིག་ཁུན་ཆུ་ལིའི་མདངས།