སྐྱིད་ཆུའི་འགྲམ་ནས།

ཟླ་ཟེར།        2019-03-08

སྐྱིད་ཆུའི་འགྲམ་ན་བུ་མོ་མཁུར་དམར་ཞིག།
མིག་གཉིས་བུང་བ་པད་ཚལ་གཡོ་བ་བཞིན།།
བིམ་པའི་མཆུ་སྒྲོས་དམར་ལ་སྙིང་རྗེ་ཞིག། 
གར་སྟབས་ཨུ་མ་ལས་ཀྱང་ལྷག་ཏུ་མཛེས།།

སྟོད་གོས་མཉེན་པོས་འོ་འཛིན་ཅུང་ཙམ་ཁེབས།།
འཛེམ་མདོག་ཚུལ་གྱིས་མྱོས་བུམ་སྐུང་ཞོར་དུ།།
ཅུང་ཙམ་འཛུམ་པས་ཚེམས་ཕྲེང་ཤིན་ཏུ་དཀར།། 
ག་ལེར་ང་ཡི་འཁྲིས་སུ་འོང་གིན་གདའ།། 

གམ་དུ་བཅར་དུས་གཤིས་ཀ་བབས་ཆགས་ཤིག།
ཕར་ལ་ལྟ་སྟངས་ཤིག་གིས་ཧ་ཅང་མཛེས།།
བཅར་འདྲི་བྱས་ཚེ་དབྱངས་ཅན་ལྷ་མོ་རེད།།
པི་ཝང་རྒྱུད་མང་ཅན་ཞིག་འཁྲོལ་བཞིན་དུ།།

ཉི་ཤར་ཕོ་བྲང་པོ་ཏའི་ཡང་ཐོག་ཏུ།། 
གླུ་གཞས་གཏོང་མཁན་དེ་ཡང་མོ་ཡིན་ཟེར།།
ཀུ་རེའི་ཚུལ་གྱིས་དགའ་བའི་ཟོལ་ཙམ་སྟོན།།
ཁྱེད་ཀྱིས་དབྱངས་ཅན་དགྱེས་གླུ་མཛད་པ་པོ།།

རྒྱལ་དབང་ལྔ་བ་གར་བྱོན་ཨེ་རིག་ཟེར།།
ཕོ་བྲང་ཕྱོགས་སུ་མཛུབ་མོ་ཀེར་བཞིན་དུ།།
ལམ་བར་འདི་ན་སྤྱི་ལེ་ག་ཙམ་གདའ།།
ཟེར་བཞིན་གོམ་སྒྲ་ཡང་མོས་ཕར་ཕར་སོང་།།

ལག་པ་བཀྱགས་ཏེ་རྗེས་ཕྱོགས་ཐུག་དགོས་ཟེར།།
བརྩེ་བའི་འཛུམ་གྱིས་མིག་ཟུང་ཕྱིར་ལ་འཕངས།།
ཁ་ཁར་བྲལ་རྗེས་མཆི་མ་བསྐྱིལ་དགོས་བྱུང་།།
ད་ལྟ་གར་སོང་སུས་ཀྱང་ཨེ་རིག་ལགས།།

  • ལེ་ཚན་སྔོན་མ།:ལམ་ཕྲན།
  • ལེ་ཚན་རྗེས་མ།:བོད་ཁ་བ་ཅན་གྱི་སྐྱེས་མ་རེད།