ལམ་ཕྲན།

ཡོན་ཏན་སྒྲོལ་མ།        2019-03-08

    བགྲང་བྱ་དུ་མ་འདས་སོང་ཡང་བདག་གི་ཡིད་འཛིན་ཕྲ་མོ་ལས་ཡལ་ཐབས་མེད་པ་ནི་བྱིས་དུས་ཀྱི་འབྲོག་སའི་འཚོ་བ་དེ་རེད།

    དུས་ཚོད་ནི་མཚམས་ཆད་མེད་པའི་ཆུ་རྒྱུན་ཞིག་དང་འདྲ་ལ། འདས་ཟིན་པ་དེ་སྐྱོ་སྡུག་གང་ཡིན་རུང་མཐར་དུས་ཚོད་དང་མཉམ་དུ་བཞུར་འགྲོ་ངེས། དེ་ལས་བློ་ངོར་ཡང་ཡང་ཤར་ཞིང་བརྗེད་དཀའ་བ་ནི་བདག་ཆུང་དུས་སུ་ཉིན་ལྟར་རྒྱུ་བའི་ལམ་ཕྲན་དེ་ཡིན། དེ་མཁས་དབང་དོན་གྲུབ་རྒྱལ་ལགས་ཀྱི་ལམ་ཕྲན་ལྟ་བུ་མི་བུ་ཁྱད་པ་བ་དང་དཔའ་བོས་བསྐྲུན་པ་མིན་ལ། དེའི་སྟེང་འགྲོ་མཁན་ཡང་ཧ་ཅང་ཉུང་། དྲང་མོར་བཤད་ན་ངེད་ཚང་གི་མི་དང་རྟ་ནོར་ལས་མེད་ཅིང་། ངས་རྟ་ནོར་དེད་ནས་ས་སྲོད་རེ་རེ་སྐྱེལ་ཞིང་ཉི་གཞོན་རེ་རེ་བསུས་ནས་ལོ་ཟླའི་ཆར་རླུང་ཁྲོད་ནས་ལམ་ཕྲན་དེའི་སྟེང་ལ་རྐང་རྗེས་ཅི་ཙམ་བཞག་ཡོད་པ་མི་ཤེས། འདས་ཟིན་པ་ནི་རྒྱབ་ཀྱི་རྐང་རྗེས་ཆུང་ཆུང་དེ་ཚོ་ཡིན་ལ། གདོང་དུ་གཏད་དགོས་པ་ནི་མདུན་ཕྱོགས་ཀྱི་ལམ་དོག་མོ་དེ་རེད།

    ལམ་ཕྲན་དེའི་ལམ་བར་ལ་རྡོ་དཀར་ལེབ་མོ་ཆེན་པོ་ཞིག་ཡོད་ཅིང་། ཨ་མྱེས་ཀྱིས་བཤད་ཚུལ་ལ་དེ་ནི་ལམ་ཕྲན་དེའི་སྟོད་ཕྱོགས་ལ་ཡོད་པའི་གཞི་བདག་གིས་ཤོའུ་རྒྱག་ས་ཡིན་ཟེར། མཚམས་རེ་རེར་བེའུ་དང་རྟེའུ་སོགས་ཀྱིས་དེའི་སྟེང་ལ་གཅིན་དང་ལྕི་བའང་བཏང་། གལ་སྲིད་ཉིན་དེར་གནམ་གཤིས་དེ་ཙམ་ལེགས་པོ་མིན་ན་བདག་གི་སེམས་སུ་དེ་ནི་ཕལ་ཆེར་གཞི་བདག་ལ་ཕོག་ཐུག་སོང་བས་ལོས་ཡིན་སྙམ། ཉིན་གང་བོར་ཐོག་དང་སེར་བ་ཡོང་མིན་ལ་སེམས་ཁྲལ་ངང་བསྡད་པ་ཡིན། རྡོ་དཀར་ལེབ་མོ་དེའི་གཞི་བདག་དང་ལམ་ཕྲན་འབྲེལ་ཡོད། གཞིག་བདག་ལ་ཕོག་ཐུག་བཏང་མི་རུང་བ་བཞིན་དུ་རྡོ་དཀར་ལེབ་མོ་དེ་ཡོད་པའི་ལམ་ཕྲན་ལའང་ཕོག་ཐུག་བཏང་མི་རུང་བའི་ཁྱད་དབང་ཐོབ་པ་རེད།

    ལམ་ཕྲན་དེ་ནི་བཙན་ལམ་དང་གཉན་ལམ་གང་ཡང་མ་ཡིན་མོད། ཡིན་ནའང་ཕོག་ཐུག་བཏང་མི་རུང་བའི་ཁྱད་དབང་ནི་སྔར་བཞིན་ཡོད། ཁྱད་དབང་དེ་ཡོད་པས་ལམ་ཕྲན་ལ་བཟོས་བཅོས་དང་བསྐྱར་གསོ་བྱེད་ཕོད་མཁན་གཅིག་ཀྱང་མེདཅིང་། དེ་ནི་ཁྱད་དབང་ཡོད་པའི་ལམ་ཕྲན་ཞིག་གི་ལས་དབང་ཡིན། དུས་ཚོད་དང་ཆར་རླུང་ཁྲོད་ནས་ཟད་ལ་ཉེ་བའི་ཁེར་རྐྱང་གི་ལམ་ཕྲན་ཞིག།


  • ལེ་ཚན་སྔོན་མ།:བུ་རྫི་རྒན་པོའི་འབེལ་གཏམ།
  • ལེ་ཚན་རྗེས་མ།:སྐྱིད་ཆུའི་འགྲམ་ནས།