བུ་རྫི་རྒན་པོའི་འབེལ་གཏམ།

གེ་སར་ཅན།        2019-03-08

དེ་ནས་ཉོན་དང་ཨ་མ་གཞོན་གཞོན་ཚོ། །

བྱམས་དང་བརྩེ་བ་ཅན་གྱི་ཨ་མ་ཚོ། །

ལས་དོན་རྐྱེན་གྱིས་ཕྲུ་གུ་ཨ་མ་དང་། །

གཤིབ་པའི་དུས་ནི་བརྒྱ་མ་ལན་གཅིག་རེད། །

མ་བུ་གཤིབ་པའི་དུས་ཡུན་ཐུང་བསམས་ནས། །

ཕྲུ་གུ་ལང་ཤོར་བཏང་བ་ཧ་ཅང་མང་། །

ཕྲུ་གུ་ལང་ལ་གཏོང་ན་ཨ་མས་གཏོང་། །

ཁ་ལ་ཐན་སྐྱུར་བཏུང་བཅའ་ཨ་མས་སྟེར། །

སྲེག་ཟས་རྒྱ་ཁོག་ཟ་བར་ཨ་མས་ཁྲིད། །

བུ་ལ་ལག་ཐོགས་ཁ་པར་ཨ་མས་སྤྲད། །

མིག་ལ་མིག་ཤེལ་སྒྲིག་པར་ཨ་མས་ཁྲིད། །

ལག་ཏུ་མི་དམངས་ཤོག་སྒོར་ཨ་མས་སྤྲད། །

གྲགས་ཅན་ཚོང་རྟགས་གྱོན་ཆས་ཨ་མས་གཡོགས། །

ཆུང་དུས་ཨ་མས་ལང་ལ་བཏང་བའི་བུ། །

ལང་ཤོར་མཐའ་མ་སྤོ་བོས་གླགས་མི་ཁེལ། །

ཕྲུ་གུ་གསོ་སྐྱོང་བྱེད་པའི་ལས་ཀ་དེ། །

སྦར་བའི་ནང་དུ་བྱིའུ་ཉར་དང་མཚུངས། །

དམ་ན་ཤི་འགྲོ་ལྷུག་ན་འཕུར་བའི་ཉེན། །

ཕྲུ་གུའི་ཟ་ལུགས་འགྲོ་ལུགས་སྡོད་ལུགས་གསུམ། །

ཕ་མའི་བསླབ་བྱ་ཡིན་ཞེས་གཏམ་དཔེ་ཡོད། །

ཟ་ལུགས་ཐད་ལ་ལུས་པོའི་སྤོམ་ཚད་བཞིན། །

འཇུ་བའི་ལྟོ་དང་རན་པའི་ལྟོ་ཚོད་གྱིས། །

ཚན་རིག་ཅན་དང་འཚོ་བཅུད་ལྡན་པའི་ཟས། །

ལྷད་མེད་ཟས་རིགས་ཡ་རབས་སྒོ་ནས་སྤྱོད། །

ཟ་མ་དགའ་སྒྲུག་རྒྱག་པའི་གོམས་གཤིས་དེ། །

ཕྲུ་གུར་མ་འཇགས་གྱིས་ཤིག་བུ་ཡི་མ། །

ཕྲུ་གུ་སྐྱེས་ནས་ཟླ་བ་བཞི་ཡི་བར། །

མཇིང་སྐེད་རུས་ཚིགས་ཉག་ཕྲ་ནུས་ཞན་པས། །

ལག་པས་སྐྱོར་ནས་པང་ཁའི་འཕྲེད་དུ་ཉོར། །

ལྔ་ལག་དྲུག་ཙོག་ཅེས་པའི་ཁ་རྒྱུན་ལྟར། །

ཟླ་བ་ལྔ་སོང་ལག་པ་གཏོང་བ་དང་། །

ཁ་ལག་ཐུག་རྒྱུ་དངོས་པོ་འཛིན་རྒྱུ་སོགས། །

བུ་ལ་རིམ་གྱིས་ལག་པའི་སྦྱོང་བརྡར་འཕྲོད། །

ཟླ་བ་དྲུག་སོང་ཙོག་བུར་སྡོད་སྟངས་སློབས། །

བརྒྱད་སོ་དགུ་གོག་ཅེས་པ་ཟླ་བརྒྱད་ལ། །

སྤྱིར་ན་ཕལ་ཆེར་མདུན་སོ་སྐྱེ་བ་ཡིན། །

དུས་དང་བསྟུན་ནས་སོ་ལྡད་སྦྱོང་བརྡར་འཕྲོད། །

ཟླ་བ་དགུ་ལ་གོག་བགྲོད་རྒྱག་ཏུ་ཆུག །

སྐྱེ་དུས་འགྲོ་ཞེས་སང་ལོའི་སྐྱེས་སྐར་དུས། །

གོམ་པ་སྤོས་ནས་འགྲོ་སྟངས་སློབ་ན་འཚམས། །

གོམ་པ་སྦྱོང་བའི་དུས་རིམ་དེ་ནས་བཟུང་། །

བུ་ཡི་བརླ་དབྲག་གཅིན་དོར་གཡུག་ན་བཟང་། །

འགྲོ་དུས་སྨྲ་ཞེས་གནངས་ལོའི་སྐྱེས་སྐར་དུས། །

ཕལ་ཆེར་ངག་གི་སྒོ་མོ་རིམ་གྱིས་འབྱེད། །

བྱིས་གསོ་ཁང་དང་སློབ་ཆུང་དུས་རིམ་ནང་། །

ཕྲུ་གུར་བརྡ་སྤྲོད་བསླབ་ན་ཆེས་བཟང་ཞེས། །

བྱིས་པའི་སེམས་ཁམས་མཁས་པའི་ངག་ལས་ཐོན། །

འཐུས་ཤོར་མེད་པར་བུ་ལ་སྐད་བརྡ་སློབས། །

མེས་པོས་བུ་རབས་སྐྱོང་བའི་བརྒྱུད་རིམ་ནང་། །

ཉམས་མྱོང་བསགས་ཏེ་ངག་རྒྱུན་དེ་དག་བྱུང་། །

བྱམས་བརྩེ་ཅན་གྱི་ཨ་མ་གཞོན་གཞོན་ཚོ། །

དུས་དང་བསྟུན་ནས་ཕྲུ་གུར་སྦྱོང་བརྡར་འཕྲོད། །

མེས་པོའི་ངག་རྒྱུན་བཞིན་དུ་བུ་ཕྲུག་སྐྱོངས། །

ཕྲུ་གུའི་བྱ་བ་ཨ་མས་མ་འཆུག་གྱིས། །

བྱ་བ་འཆུགས་ན་ཨ་མ་དྲིན་ཆུང་རེད། །

ཁ་ཆེ་ཕ་ལུའི་སྙན་ཆ་གང་ནས་ཡོང་། །

ཁ་ཆེ་ཕ་ལུའི་བྲོ་བ་ཅི་ལ་ཡོང་། །

ཁ་ཆེ་ཕ་ལུའི་ལད་མོ་འདི་ན་བྱས། །

ཁ་ཆེ་ཕ་ལུའི་ནུས་པ་ཐོན་གྱུར་ཅིག །


  • ལེ་ཚན་སྔོན་མ།:ཤེས་ཀུན་བསྟོད་པའི་པད་དཀར་ཆུན་པོ།
  • ལེ་ཚན་རྗེས་མ།:ལམ་ཕྲན།