རྣམ་རྭ་ས་རྟ། 2019-03-08
ཡར་བལྟས་ན་ལྷ་ཡི་སྲས་མོ་བཞིན། །
མར་བལྟས་ན་ཀླུ་ཡི་སྲས་མོ་འདྲ།།
ལས་སྤྱོད་པ་བྱང་ཆུབ་སེམས་རྒྱུད་མ།།
དམན་བུ་མོའི་གཟུགས་སེམས་འདི་འདྲ་རེད།།
རྒྱབ་གང་བལྟས་སྐྲ་ལོའི་བསིལ་ལྗང་མ།།
མདུན་གང་བལྟས་སོ་དཀར་འཛུམ་ལེགས་མ།།
ལས་བརྩེ་བ་ཅན་གྱི་དུངས་བ་འདི།།
དམན་བུ་མོ་ཞེན་ཆགས་སྟག་ཤར་རེད།།
ཕར་ཁྲ་ཆུང་མིག་གི་སྐྱེལ་ཤེས་མཁན།།
ཚུར་ཞལ་འཛུམ་ལེགས་པོས་བསུ་ཤེས་མཁན།།
དབུགས་སྙིང་རྗེ་རྒྱན་པའི་ལྷ་མོ་འདི།།
ལས་བསོད་ནམས་ཅན་གྱི་རོགས་ལོ་རེད།།
ལུས་ལང་ཚོའི་མེ་ཏོག་རོགས་ལ་སྦྱིན།།
ལས་བརྩེ་བའི་ཡིད་ཆེས་རོགས་ལ་བཅོལ།།
ཚེ་སྐྱིད་སྡུག་མཉམ་རོལ་རོགས་དང་འགྲོགས།།
གཏན་ཚེ་གྲོགས་རོགས་ལོའི་དཔུང་ཡ་ཡིན།།
ཟས་ཞིམ་པོ་ཡོད་ན་རོགས་ལོ་སྒུག།
གོས་ཡག་རེ་ཡོད་ན་རོགས་ལ་རྒྱན།།
ཚེ་བདེ་སྐྱིད་འཚོ་བ་མཉམ་རོལ་མཁན།།
གཏན་ཚེ་རོགས་འཁོར་བའི་ཞེན་ཆགས་རེད།།
གོས་འཇམ་པོའི་འོག་ནས་བུ་ཕྲུག་གསོ།།
ཟས་སྣུམ་པོའི་ལམ་ནས་བུ་ཕྲུག་གསོ།།
རྒྱུད་བཟང་པོ་སྐྱོང་བའི་སྐྱེད་མ་འདི།།
ཤེས་རིག་གི་ཕྱུག་པའི་མཛངས་མ་རེད།།
ཡར་གུས་ཞབས་ལྡན་ལ་ཕྱག་མཆོད་མཁས།།
མར་བྱམས་སྐྱོངས་ཆེ་བ་ཞལ་ཏ་ཅན།།
ཁྲེལ་ངོ་ཚ་ལྡན་ལ་རང་ཚུགས་ཅན།།
བོད་ཁ་བ་ཅན་གྱི་སྐྱེས་མ་རེད།།
རིགས་ཆ་ལུགས་བཟང་བཞིན་ཤེས་ལ་དུངས།།
སྐད་མ་ཡིག་མཁས་ལ་ངང་རྒྱུད་ཅན།།
ལས་རྒྱུ་འབྲས་སྲུང་བའི་མི་མོ་འདི།།
གཏན་ཚེ་རོགས་ལས་ཀྱི་བསོད་ནམས་རེད།།
གཏམ་བདེན་པའི་འབྱུང་གནས་རྫ་ཆུ་ཅན།།
ཚིག་རྩུབ་མོ་སྤང་བའི་པི་ཝང་མ།།
གཤིས་བལ་ལས་འཇམ་པའི་བུ་མོ་འདི།།
ཡུལ་འཛམ་གླིང་འདི་ཡི་རྒྱན་ཆ་རེད།།
ཐུགས་སེམས་པ་དཀར་པོ་གངས་ལ་འགྲན།།
ཐབས་ཤེས་རབ་གཉིས་པོ་མཚོ་ལས་ཟབ།།
རྒྱུན་བཟང་ངན་ཅི་བྱུང་ལྷ་ཤིང་བཞིན།།
དམན་བུ་མོ་ཤེས་ཀྱི་མ་མཛོད་རེད།།
བློ་ནམ་མཁའ་ལྟ་བུའི་རྒྱ་ཆེ་མ།།
ཡུལ་འཛམ་གླིང་རིགས་པར་བློ་གཏོད་མཁན།།
ཤེས་བཟང་པོས་རྒྱན་པའི་སྐྱེད་མ་འདི།།
བུ་བསོད་ནམས་ཅན་གྱི་ཨ་མ་རེད།།
ཞལ་དཀར་ནག་མེད་པའི་འཛུམ་ལྡན་མ།།
རིགས་ཕྱོགས་རིས་མེད་པའི་ཉི་ཟླ་བཞིན།།
གཟུགས་འཇའ་དང་མཚུངས་པའི་འོད་སྣ་འདི།།
དུས་ཉེར་ཅིག་བུ་མོའི་ལས་དབང་རེད།།
རྩོམ་གསར། 10