ཁེར་རྐྱང་གི་སོ་སྲུང་བ།

ཁྱུང་གཤོག        2019-03-06

ངན་ཆུ་ནི་གནའ་བོའི་ཆུ་མིང་ཞིག་ཡིན།

ངས་པོའང་གནའ་བོའི་ས་མིང་ཞིག་ཡིན་པས།

དེ་ཁོ་ནས་ཀྱང་ང་ཡི་འདོད་བློ་བཀུག་འགྲོ།


གནའ་བོའི་ལོ་རྒྱུས་ཀྱི་བསླུ་བྲིད་དེས།

ངའི་གོམ་ཁ་ལ་རང་དབང་མེད་པར།

ཁེར་ཧྲེང་གི་བཙན་རྫོང་རེ་རེའི་ཉེ་གམ་དུ་ཁྲིད་པར་བྱེད།


སྟོན་རླུང་གིས་འདི་ལྟར་གསེར་ཞུན་གྱི་ཟེགས་མ་ཁྱེར་ནས།

ཁྱེད་ཀྱི་སྔས་འགྲམ་ལ་མཛེས་སྡུག་གི་སྣང་བརྙན་

ཅི་ཡང་འབྲི།

ལོ་མ་ཐར་ཐོར་དེས་ཀྱང་ཁྱེད་ལ་གྱེས་བྲལ་གྱི་

ལག་བརྡ་ཡང་ཡང་འཕེན།

རྣང་ཞིང་གི་དབུས་སུ་འབྱོར་ཕྱུག་གི་འཛུམ་

མདངས་སྙེ་རླབས་ལ་བརྒྱུས་ནས།

ངའི་འགྲུལ་བཞུད་ཀྱི་གོམ་ཁ་ཡང་ཡང་སྡོད་དུ་འཇུག


དུས་ཚིགས་འདིའི་ཁུ་སིམ་ཁྲོད། 

ཁུ་སིམ་གྱི་དུས་ཚིགས་བོར་ཟིན།

ལོ་རྒྱུས་ཀྱི་ཉིན་སྲིབ་གང་ལས་ཀྱང་ངས་ཁེར་

རྐྱང་ཁོ་ན་མཐོང་འོང་།

ཁེར་རྐྱང་ནི་ཡུལ་ལུང་འདིའི་ཡོད་ཚད་ཡིན་པ་འདྲ།

མཁར་རྫོང་དག་གི་གས་སྲུབས་ལས།

འགྱོད་གདུང་དང་རེ་སྨོན་གྱི་ཐ་སྙད་ལུས་ཡོང་།


མི་ཆེན་དག་རྔམ་བརྗིད་ངང་ཆས་སོང་།

གནམ་འོག་འདིར།

རང་ཉིད་ལ་དབང་ཆོག་ཆོག་གི་འབབ་སྟེགས་

ཤིག་ཡོད་དམ།

ལོ་རྒྱུས་ཀྱིས་ཁྱེད་རང་མི་ཡུལ་འདིར་ཁྲིད་འོང་པ་ནས།

ཁེར་རྐྱང་ཁོ་ནས་འཚོ་རུ་བཅུག་པ་ནི།

དུས་ཚིགས་གཉོམ་པོ་འདིའི་ཁེར་རྐྱང་གི་རྒོད་པོས་

མཐོང་སྲིད་དམ།


གླེགས་བམ་གྱི་ཉིན་སྲིབ་དག་ནས་ཁྱེད་དང་མཇལ་དུས།

དཔའ་སྤོབས་དང་མཛེས་སྡུག་གིས་འཚོ་བའི་གནའ་

མི་དག་ནི་ཆེས་རྒྱུས་ཡོད་དུ་སྲིད་ཀྱང་།

ལྷོ་རུ་འཕུར་ཟིན་པའི་བྱ་ཚོགས་ཀྱི་གྱེས་གདུང་

བསྣམས་པའི་བྲག་ཐེམ་སྐྱ་བོ་ལས།

ད་ནི་མཁར་རྫོང་དག་གི་དྲོད་ཁོལ་སྔ་མོ་ནས་

ཡལ་ཟིན་འདུག


ལོ་རྒྱུས་ཀྱིས་བཞག་པའི་གནའ་ཤུལ་དེ་རུ།

སྟོན་རླུང་རིམ་གྱིས་ཟད་པའི་གོ་རིམ་ལས།

ལང་ཚོ་མེད་པའི་ཁྱིམ་གཞིས་དུས་ཚོད་ཀྱིས་ཁུར་ལ་ཉེ།

དེ་ནི་ཁ་བ་འབབ་ལ་ཉེ་བས་ཡིན་ནམ།


ས་རུབ་ལ་ཉེ།

ང་ཡང་གྱེས་ལ་ཉེ།

ད་ནི་སུ་ཞིག་གི་ཆེད་དུ།

མཁར་རྫོང་དང་བང་སོ་དག་ལས་དུངས་ཞེན་གྱི་

ཐ་སྙད་ཁ་ཤས་སྤུངས་བཞིན།

རྒྱུས་མི་མངའ་བའི་ངོ་གདོང་དག་ལ་གྱེས་བྲལ་གྱི་

སྔོན་བརྡ་ཞིག་གཏང་དགོས་ཨང་།


ངན་ཆུ་ནི་གནའ་བོའི་ཆུ་མིང་ཞིག་ཡིན།

ངས་པོའང་གནའ་བོའི་ས་མིང་ཞིག་ཡིན་པས།

དེ་ཁོ་ནས་ཀྱང་ང་ཡི་འདོད་བློ་བཀུག་འགྲོ།


  • ལེ་ཚན་སྔོན་མ།:ཚངས་དབྱངས་རྒྱ་མཚོ།
  • ལེ་ཚན་རྗེས་མ།:ཤེས་ཀུན་བསྟོད་པའི་པད་དཀར་ཆུན་པོ།