ཚངས་དབྱངས་རྒྱ་མཚོ།

གྱིན་འདའ་བ།        2019-03-06

རྗེ་རྒྱལ་བ་རིག་འཛིན་ཚངས་དབྱངས་རྒྱ་མཚོ་སྟེ།།

བློ་རིག་པ་ཏིང་འཛིན་ཀློང་དུ་གཟིམ་དུས་སུ།།

མ་ཆང་མ་ཡེ་ཤེས་མཁའ་འགྲོའི་མཆོད་ཆང་གིས།།

སེམས་ཐ་ཚིག་བདུད་རྩིའི་སྨན་གྱིས་ཕབ་ནས་སོང་།།


དབུས་ལྷ་སའི་ཕོ་བྲང་དམར་པོའི་བཞུགས་གྲལ་ནས།།

སེམས་མི་འགྱུར་དབེན་པའི་རི་སུལ་འགྲིམ་འདོད་ཀྱང་།།

དུས་འཕོ་འགྱུར་ཉམ་ཉེས་བྱུང་བའི་ཧྲག་དབར་ནས།།

ཚེ་འདི་ཡི་དམ་པའི་ཆོས་སྐལ་བསྙེལ་ནས་སོང་།།


རི་གངས་དཀར་སེམས་ཀྱི་ལྕགས་རིའི་ཕྱི་ནང་ཀུན།།

རྒྱབ་རས་གཟན་གཤོག་ཏུ་ཐོགས་པའི་བན་དེ་ཞིག།

ཚིག་ལ་གཞས་ངག་ན་གྱེར་པའི་འཁྱལ་པོ་ཞེས།།

སྡེ་མྱི་ཁའི་འུད་བརྗོད་རླུང་དམར་འཚུབ་ནས་སོང་།།


སྟོད་དབུས་གཙང་ལྷ་སའི་ཁྲོམ་གྱི་བསྐོར་ལམ་ནས།།

སྔོན་ལས་འཕྲོའི་བག་ཆགས་ཀློང་གི་ལན་ཆགས་ཏེ།།

ཆུང་བྱམས་པ་མ་སྐྱེས་ཨ་མའི་འཛུམ་དཀར་དེ།།

སྙིང་དམར་ཆུང་གསང་བའི་སྒྲོམ་དུ་བསྒོམས་ནས་སོང་།།


ལུས་འཁྲེང་ཟླུམ་ནུ་ཟུང་འབུར་བའི་གཟུ་འཚོ་མས།།

ཉམས་འཕྱར་གཡེང་རབ་ཏུ་སྒེག་པའི་བསླུ་བྲིད་ཀྱིས།།

བུ་འཁྱལ་པོ་དང་བཟང་དབང་པོའི་རྣམ་ཤེས་དེ།།

མིག་ཁྲ་ཆུང་ཟུར་མདའ་གཅིག་གིས་འདྲིད་ནས་སོང་།།


དབུས་ལྷ་སའི་འཁྱལ་པོ་དང་བཟང་དབང་པོ་ཡིས།།

སྟོད་ལྷོ་ཁའི་འཕྱོངས་རྒྱས་གཞུང་གི་སྙིང་སྡུག་དང་།།

ས་ཉིང་ཁྲིའི་ཀོང་ཡུལ་མཐིལ་གྱི་བྱམས་པ་ལ།།

མགུར་ཚིག་དྲུག་དྲན་པའི་མཐིལ་ནས་བླངས་ཏེ་སོང་།།


  • ལེ་ཚན་སྔོན་མ།:ཕོ་མོ་འདྲ་མཉམ་མ་རེད།
  • ལེ་ཚན་རྗེས་མ།:ཁེར་རྐྱང་གི་སོ་སྲུང་བ།