བོད་ཁ་བ་ཅན་གྱི་སྐྱེས་མ་རེད།

རྣམ་རྭ་ས་རྟ།        2019-03-11

ཡར་བལྟས་ན་ལྷ་ཡི་སྲས་མོ་བཞིན། །

མར་བལྟས་ན་ཀླུ་ཡི་སྲས་མོ་འདྲ། །

ལས་སྤྱོད་པ་བྱང་ཆུབ་སེམས་རྒྱུད་མ། །

བོད་ཁ་བ་ཅན་གྱི་སྐྱེས་མ་རེད། །


རྒྱབ་གང་བལྟས་སྐྲ་ལོའི་བསིལ་ལྗང་མ། །

མདུན་གང་བལྟས་སོ་དཀར་འཛུམ་ལེགས་མ། །

ལས་བརྩེ་བ་ཅན་གྱི་བདག་མོ་འདི། །

བོད་ཁ་བ་ཅན་གྱི་སྐྱེས་མ་རེད། །


ཕར་ཁྲ་ཆུང་མིག་གི་སྐྱེལ་ཤེས་མཁན། །

ཚུར་ཞལ་འཛུམ་ལེགས་པོས་བསུ་ཤེས་མཁན། །

དབུགས་སྙིང་རྗེ་རྒྱན་པའི་ལྷ་མོ་འདི། །

བོད་ཁ་བ་ཅན་གྱི་སྐྱེས་མ་རེད། །


ལུས་ལང་ཚོའི་མེ་ཏོག་རོགས་ལ་སྦྱིན། །

ལས་བརྩེ་བའི་ཡིད་ཆེས་རོགས་ལ་བཅོལ། །

ཚེ་སྐྱིད་སྡུག་མཉམ་རོལ་རོགས་དང་འགྲོགས། །

བོད་ཁ་བ་ཅན་གྱི་སྐྱེས་མ་རེད། །


ཟས་ཞིམ་པོ་ཡོད་ན་རོགས་ལོ་སྒུག།

གོས་ཡག་རེ་ཡོད་ན་རོགས་ལ་རྒྱན། །

ཚེ་བདེ་སྐྱིད་འཚོ་བ་མཉམ་རོལ་མཁན། །

བོད་ཁ་བ་ཅན་གྱི་སྐྱེས་མ་རེད། །


གོས་འཇམ་པོའི་འོག་ནས་བུ་ཕྲུག་གསོ། །

ཟས་སྣུམ་པོའི་ལམ་ནས་བུ་ཕྲུག་གསོ། །

རྒྱུད་བཟང་པོ་སྐྱོང་བའི་སྐྱེད་མ་འདི། །

བོད་ཁ་བ་ཅན་གྱི་སྐྱེས་མ་རེད། །


ཡར་གུས་ཞབས་ལྡན་ལ་ཕྱག་མཆོད་མཁས། །

མར་བྱམས་སྐྱོངས་ཆེ་བ་ཞལ་ཏ་ཅན། །

ཁྲེལ་ངོ་ཚ་ལྡན་ལ་རང་ཚུགས་ཅན། །

བོད་ཁ་བ་ཅན་གྱི་སྐྱེས་མ་རེད། །


རིགས་ཆ་ལུགས་བཟང་བཞིན་ཤེས་ལ་དུངས། །

སྐད་མ་ཡིག་མཁས་ལ་ངང་རྒྱུད་ཅན། །

ལས་རྒྱུ་འབྲས་སྲུང་བའི་མི་མོ་འདི། །

བོད་ཁ་བ་ཅན་གྱི་སྐྱེས་མ་རེད། །


གཏམ་བདེན་པའི་འབྱུང་གནས་རྫ་ཆུ་ཅན། །

ཚིག་རྩུབ་མོ་སྤང་བའི་པི་ཝང་མ། །

གཤིས་བལ་ལས་འཇམ་པའི་བུ་མོ་འདི། །

བོད་ཁ་བ་ཅན་གྱི་སྐྱེས་མ་རེད། །


ཐུགས་སེམས་པ་དཀར་པོ་གངས་ལ་འགྲན། །

ཐབས་ཤེས་རབ་གཉིས་པོ་མཚོ་ལས་ཟབ། །

རྒྱུན་བཟང་ངན་ཅི་བྱུང་ལྷ་ཤིང་བཞིན། །

བོད་ཁ་བ་ཅན་གྱི་སྐྱེས་མ་རེད། །


བློ་ནམ་མཁའ་ལྟ་བུའི་རྒྱ་ཆེ་མ། །

ཡུལ་འཛམ་གླིང་རིགས་པར་བློ་གཏོད་མཁན། །

ཤེས་བཟང་པོས་རྒྱན་པའི་སྐྱེད་མ་འདི། །

བོད་ཁ་བ་ཅན་གྱི་སྐྱེས་མ་རེད། །



ཞལ་དཀར་ནག་མེད་པའི་འཛུམ་ལྡན་མ། །

རིགས་ཕྱོགས་རིས་མེད་པའི་ཉི་ཟླ་བཞིན། །

གཟུགས་འཇའ་དང་མཚུངས་པའི་བུ་མོ་འདི། །

བོད་ཁ་བ་ཅན་གྱི་སྐྱེས་མ་རེད། །


  • ལེ་ཚན་སྔོན་མ།:སྐྱིད་ཆུའི་འགྲམ་ནས།
  • ལེ་ཚན་རྗེས་མ།:སེམས་པ་རླུང་ཁར་གཡེང་ཚུལ།