ཉིན་ཐོ་ལྷག་མ།

བྱང་རླུང་།        2019-03-04

བྱ་གཤོག་ནམ་མཁའི་གཡོར་གྲུ།།

སྤྲིན་པ་བཏུབ་ནས་བསྐྱོད་ཆོག།

རང་རང་ལུས་ཀྱི་འཇའ་འོད།།

ང་དང་ཁྱོད་ཀྱི་ཉིན་ཐོ།།


གངས་ལ་བསྐོར་བ་རྒྱག་པ།།

སྨོན་པའི་དར་མདུད་ཟབ་མོ།།

དོན་གྱི་ཚིག་གི་སྒྱུ་འཕྲུལ།།

རྣོ་འབིག་མདུང་གི་སོ་ཁ།།


ཆུ་བོ་དལ་དལ་རྒྱུ་བ།།

རང་སེམས་སྨན་གྱི་ལྗོན་པ།།

ཁུ་བྱུག་མགྲིན་པའི་ཀློང་ལ།།

ཁྱེད་ཀྱིས་དངོས་གྲུབ་སྩོལ་ཅིག།


མཚོ་ཆེན་མ་ཕམ་གཡུ་སྔོན།།

མཚོ་མཐའ་བསྐོར་ནས་སོང་ཡང་།།

བློས་ཐུབ་གྲོགས་པོའི་ཞལ་འཛུམ།།

དྲན་པ་བརྒྱ་སྟོང་དགུ་སྟོང་།།


ཟླ་བ་གཞིས་ལ་འཕྲོས་པས།།

རུམ་ཁ་དྲོད་ཀྱིས་ཟིན་ཡོད།།

མཐུ་དང་འོད་ཀྱིས་བསྣམས་པ།།

སྐར་གསལ་བཅོ་ལྔའི་ཚེས་རིས།།


  • ལེ་ཚན་སྔོན་མ།:རི་སྒང་གི་བསམ་གཏན་པ།
  • ལེ་ཚན་རྗེས་མ།:དགུན་ཟླ་འཁྱག་པ།