རྨོག 2019-03-01
༼ ༡ ༽
འཁོར་བའི་སྒེའུ་ཁུང་འདི་ལས་གྲོང་ལ་བལྟས་ན།།
ཞེ་འཛིན་མེ་ཏོག་སྐམ་པས་སྟོན་མཇུག་མཇལ་ཡོང་།།
མིག་མཐའི་གྲོང་ཚོ་དེ་ཡི་ན་བུན་གསེབ་ན།།
བརྩེ་བའི་ཁྲུས་ལ་རོལ་བའི་ངང་བ་ཁྱུ་གཅིག།
ལོ་བརྒྱའི་སྨུག་པ་འདི་ལ་སུན་སྣང་སྐྱེས་ཏེ།།
རྫིང་བུ་མེ་ཏོག་ཅན་དེར་བདེ་མོ་བཞག་ནས།།
རི་སྐྱེས་རི་དྭགས་མ་བུས་རྐང་རྗེས་དོད་པའི།།
ནམ་མཁའི་པང་དུ་འཁོད་པའི་རི་སྒང་ཞིག་ནས།།
ཏིང་འཛིན་ཕྱག་རྒྱས་གདོང་ལ་རི་མོ་བྲིས་ཤིང་།།
ཉི་ནུབ་མཚམས་སྤྲིན་དམར་པོའི་ཆང་གི་མཆོད་པ།།
རི་ཁྲོད་རི་དྭགས་ཚོགས་དང་ལྷན་དུ་བཏེགས་ནས།།
ཚེ་མཐའི་སྲོད་ཀར་གཟས་པའི་སྒྲོ་ལྡན་མདའ་མོ།།
དག་པའི་ཞིང་དུ་སླེབས་པའི་རྨི་ལམ་རྨིས་ཡོད།།
༼ ༢ ༽
སྲོད་ཀའི་རི་བོའི་གྲིབ་མ་བདག་མདུན་གྱི།།
ནགས་ཀྱིས་ཟོས་པའི་སྒང་གཤོང་འདི་ལ་ལྷུང་།།
བསམ་གཏན་པ་དེ་བྲག་ཕུག་སྐྱ་བོའི་ནང་།།
མེ་སྒོང་གམ་དུ་ཏིང་འཛིན་སྟན་ལ་བསྡད།།
མི་རྟག་སྤྲིན་པའི་ཁམས་ལ་ཅེར་ནས་འདུག།
སྡུག་བསྔལ་གཙང་བོའི་རླབས་ལ་ཉན་ཏེ་འདུག།
སྟོང་བ་ནམ་མཁའི་ལྷ་མོ་བདག་མེད་འདིས།།
རྒྱང་རིང་ཀུན་དགའི་རི་ལ་ཁྲིད་དམ་སྙམ།།
ཐར་བ་ཞེས་པའི་གཙང་བོའི་ནང་རོལ་ནས།།
ངང་ཕྲུག་ལྷ་ཡི་འདབ་ཆགས་ཡིན་ན་སྙམ།།
འོན་ཀྱང་སྲིད་པའི་གྲིབ་མ་མཐུག་དྲགས་པས།།
རི་སྤྱང་སྡིག་ཅན་བཀྲེས་པས་ངུས་པ་ན།།
དམིགས་རིམ་མདའ་མོ་འཁོར་བའི་རི་རྒྱུད་ཀྱི།།
རི་དྭགས་བྲོས་པའི་སྟེང་ལ་གཟས་ཏེ་འཕངས།།
ཞེན་ཆགས་རྦབ་རྡོ་འདི་ནི་འདྲིལ་བའི་རྗེས།།
རི་དྭགས་རྗེས་སུ་ཁྲིད་པའི་མདའ་ཁུར་ཅན།།
ཐར་བའི་སེང་གེ་དམིགས་པའི་རྔོན་པ་ཡིན།།
རྩོམ་གསར། 10