གྱིན་འདའ་བ། 2019-03-01
འཁོར་བའི་གྲོང་གི་ལམ་ཕྲན་བརྒྱུད་ནས་རྐང་བ་རྡོ་ལ་ཐོགས་དུས་སུ།།
ཤུགས་ཀྱིས་བཙུར་བའི་ཡིག་འབྲུ་འདི་དག་ཁྱོད་ལ་སྙན་ཚིག་ཡིན་ཙ་ན།།
སེམས་ཀྱི་གོམ་ཆུང་མདུན་ན་བཞག་སྟེ་ལས་ཀྱི་རྐང་རྗེས་འཚོལ་བཞིན་དུ།།
དཀའ་བའི་རྔུལ་ཆུ་རང་འབབ་བྱོ་ཡང་ངས་ཀྱང་ཁྱོད་ལ་སྙན་ངག་འབྲི།།
ཚོར་བའི་གསེང་གི་རླུང་བུ་འདི་ཡིས་དུས་ཀྱི་ཁ་དོག་འཐུང་དུས་སུ།།
དྲག་ཏུ་ཁྲོས་བའི་ཡིག་འབྲུ་འདི་དག་ཁྱོད་ལ་སྙན་ཚིག་ཡིན་གྱུར་ན།།
ཉི་མའི་འོད་ལ་མངོན་པ་ཞེན་པའི་ཉི་དགའ་མེ་ཏོག་འཕོས་ན་ཡང་།།།
ཞི་བའི་འཛུམ་དཀར་ཤོག་ཏུ་དཔར་ཏེ་ངས་ཀྱང་ཁྱོད་ལ་སྙན་ངག་འབྲི།།
སྣ་ཚོགས་འདུ་འཛིའི་ཡོ་ལང་གསེབ་ནས་མྱིའི་སེམས་རབ་ཏུ་སྨྱོས་དུས་སུ།།
ཁོག་ཏུ་གབ་པའི་ཡིག་འབྲུ་འདི་དག་ཁྱོད་ལ་སྙན་ཚིག་ཡིན་གྲང་ན།།
སེམས་ཀྱི་གསང་བའི་ལྡེ་མིག་དམར་པོ་འབྲི་ཤོག་གསེང་དུ་བོར་ན་ཡང་།།
དྲན་པ་འགུལ་བའི་ཧྲག་དབར་རེ་ནས་ངས་ཀྱང་ཁྱོད་ལ་སྙན་ངག་འབྲི།།
གནམ་སའི་དབྲག་གི་རུ་སྡེ་ཁྲ་མོས་ཉི་ཟླའི་རྣ་ཆ་སྤུད་དུས་སུ།།
འོད་དུ་འཚེར་བའི་ཡིག་འབྲུ་འདི་དག་ཁྱོད་ལ་སྙན་ཚིག་ཡིན་སོང་ན།།
ལྷོ་སྤྲིན་ཤིག་ཤིག་ཆུ་མོ་ཤག་ཤག་སྲིད་པའི་གཞོངས་ནས་འབྲོ་ན་ཡང་།།
ཁྲ་ཚོམ་མེ་ཏོག་འཕྱང་འཕྲུལ་བསླས་ཏེ་ངས་ཀྱང་ཁྱོད་ལ་སྙན་ངག་འབྲི།།
སྣང་བའི་མཐིལ་གྱི་དགའ་སྐྱོ་ཆགས་སྡང་ཕལ་བའི་སེམས་སུ་སྐྱེས་དུས་སུ།།
ཐོགས་རེག་མེད་པའི་ཡིག་འབྲུ་འདི་དག་ཁྱོད་ལ་སྙན་ཚིག་ཡིན་སྲིད་ན།།
བཟང་ངན་ཚད་མའི་རྣམ་རྟོག་ཀུན་པོ་ཀུན་གཞིའི་ཁམས་སུ་ཉར་ན་ཡང་།།
ཡོད་ཚད་སེམས་ཀྱི་ཆོ་འཕྲུལ་སྣང་རུང་ངས་ཀྱང་ཁྱོད་ལ་སྙན་ངག་འབྲི།།
རྩོམ་གསར། 10