དགུན་ཟླ་འཁྱག་པ།

གྱིན་འདའ་བ།        2019-03-04

དགུན་གྱི་ཉི་ཐིགས་སྤྲིན་པ་ཁེར་འགྲོས་གཙེས།།

ཡིད་ཀྱི་གཞིས་ཁྱིམ་ཚོར་བ་གྲང་མོས་བྲབས།།

དགུན་ཟླ་རྒྱལ་མོའི་ངར་ཤུགས་འཐེན་དབར་ནས།།

གྲང་རླུང་ཤུར་ཤུར་ཙག་ངར་ཚུར་ཚུར་གཅར།།

ང་ཡི་ཚོར་བ་སྟོང་བའི་མཁའ་རུ་གསེད།།

བྱང་རླུང་གྲང་མོ་ཐོལ་དང་ཐོལ་གྱིས་ལྡང་།།

ནུབ་ཁའི་སྤྲིན་པ་དུས་དང་དུས་སུ་དཀྲིགས།།

རྡུལ་དམར་འཚུབ་པའི་དུས་ཀྱི་ཧྲག་དབར་ནས།།

སྲིད་པ་རྒན་པོའི་སྤྱན་ཟུང་རྡུལ་གྱིས་སྐྱོས།།

ང་ཡི་སྣང་བ་འཁོར་བའི་ཁྲིམས་ལ་ཕོག།

འཆར་དུས་ཁོལ་མར་བ་མོའི་གསོམ་སྡོང་འཁྲུངས།།

ནུབ་དུས་སྒེའུ་ངོགས་རླུང་གིས་ངུ་བཤུམ་འཐེན།།

ལམ་གྱི་སྐྱ་ཀས་ཁོག་འདར་ཤོར་དབར་ནས།།

སྡོད་ཁང་སྤྱིལ་བུ་དུས་ཀྱི་ཙག་གིས་བཅུམས།།

ང་ཡི་སེམས་པ་དགུན་ཟླའི་ཀློང་དུ་འཆི།།

རྒྱབ་ཀྱི་རི་བོ་འཁྱགས་པས་ཁོག་འདར་བརྒྱབ།།

མདུན་གྱི་གཙང་བོ་གྲང་ནས་སྤྱན་ཆབ་བསིལ།།

སྲིད་པའི་དར་ལྕོག་རླུང་གིས་གཡོབ་དབར་ནས།།

སྒང་གི་རི་སྤྱང་བཀྲེས་པས་ཟུག་རྔུ་འབྱིན།།

ང་ཡི་རྣམ་རྟོག་ཡུལ་གྱི་པང་ནས་བརྒྱལ།།

གནས་སའི་དབར་ནས་ཉི་ཟླས་གྲང་སྐད་འཆོར།།

ས་ཆུའི་མཚམས་ནས་གཙང་བོས་འཁྱག་སྐད་འབྱིན།།

སེམས་པ་འཁོབ་པོ་མེ་རུ་ལྡེ་དབར་ནས།།

གཞོན་པའི་སྣང་བ་ཙག་དང་རླུང་གིས་བདས།།

ང་ཡི་ལང་ཚོ་དགུན་ཁའི་རུམ་དུ་འབྱར།།


  • ལེ་ཚན་སྔོན་མ།:ཉིན་ཐོ་ལྷག་མ།
  • ལེ་ཚན་རྗེས་མ།:རྒྱལ་ཡུམ་དབྱངས་ཅན་མའི་བསྟོད་པ་པད་དཀར་མཆོད་ཕྲེང་།