མགྲོན་པོ། 2019-02-27
དེ་ནི་ཡིད་དུ་འོང་བའི་ཞིང་ཁམས་ཤིག་མིན།
ངས་ཁྱོད་ཀྱི་སྐྲ་ལོ་བྱིལ་བྱིལ་གཏོང་ཐབས་མེད་ལ།
ཁྱེད་ངའི་ཕྲག་པར་ཁེན་ནས་སྙིང་གཏམ་གླེང་ཐབས་མེད།
ཡིན་ཡང།
དེ་ནི་འུ་གཉིས་ཁོ་ནར་དབང་བའི་ལྷིང་འཇགས་ཀྱི་ཁོར་
ཡུག་གྲུ་བཞི་ཞིག་ཡིན།
གྱེས་བྲལ་གྱིས་བྱིན་པའི་ན་ཟུག་ལ་རྒོད་ལན་སྤྲོད་ཆེད།
ལྷགས་རླུང་དང་བུ་ཡུག་མེད་ལ།མེ་ཏོག་དང་
དྲི་བསུང་ཡང་མེད་ས་འདིར།
ཉིན་མཚན་དུས་དྲུག་ཏུ།ངས་ཁྱོད་ཁོ་ནར་བསྒུགས་ཡོད།
ཁ་པར་གྱི་འཆར་ངོས་ལ་ཅེར་ནས།
ཁྱེད་ཀྱི་གྲགས་འགུལ་ལ་རྣ་བ་བླགས་ཞོར།
ཁྱོད་ཀྱང་རི་ཆེན་དེའི་ཕ་རོལ་ན།དེ་ལྟར་ཡོད་པར་འཆར་སྣང་བྱས།
གན་དང་འདི་ཞེས་བསྟན་རྒྱུ་མེད་ནའང་།
ཁྱེད་ཀྱི་ཁང་མིག་དེའི་སྒོ་མོ་ཡང་ཡང་བརྡུངས།
ཨ་ལན་བྱིན་ཚེ། ཁ་ལག་བཞེས་སམ་སོགས་དྲིས་པ་ཡིན།
འདི་ཡང་གོམས་ལོབས་སུ་སོང་བའི་ངའི་བྱེད་སྟངས་ཤིག་ཏུ་ཆགས།
འཇིག་རྟེན་འདིའི་སྐྱེད་ཚལ་ནས།
ངས་ཁྱོད་ལ་སྙན་ངག་གྱེར།ཁྱོས་ང་ལ་གླུ་དབྱངས་བླངས།
ད་དུང་། མཚམས་རེར་ཁྱོད་དུས་བཅད་ལྟར་མ་ཐོན་དུས།
ང་ཤེལ་སྒོ་དེའི་འགྲམ་ནས་ཙོག་པུར་བསྡད་དེ།སྙན་ངག་བྲིས་མྱོང་།
ལྗང་མྱུག་སྐྱེ་སྟོབས་འབར་བའི་ཞོགས་པ་དེར།
ཆར་བ་འབབ་མཚམས་ཆད་པའི་ཉིན་གུང་དེར།
ས་གཞིས་གསེར་མདངས་འཛིན་པའི་ས་སྲོད་དེར།
ཡོད་ཚད་ཙག་གིས་བསྡམས་པའི་ཕྱི་དྲོ་དེར།
བདག་གིསQQདྲྭ་ལམ་བརྒྱུད་ནས་ཁྱོད་ལ་བསྒུགས་ཡོད།
རྩོམ་གསར། 10