གྲིབ་མར་འདྲེས་པའི་ཚིག་གི་རོ།

རྨོག        2019-02-27

ད་ནི་སྟོན་ཞིང་འགྲམ་གྱི།།

རྒན་པོ་བྲོ་ལ་ཤོར་འགྲོ།

སྙེ་མས་མགོ་བོ་བཏུམས་པའི།།

རྒན་མོ་གླུ་ལ་ཤོར་འགྲོ།


ང་ནི་རླུང་ལ་མི་དགོས།།

ལམ་འགྲམ་ལོ་མ་བཏུས་འགྲོ།།

ང་ནི་སུ་ལ་མི་དགོས།།

རྟ་ཕོ་ཇག་པས་ཁྲིད་འགྲོ།


ཟླ་བ་ཁེར་རྐྱང་ཡིན་པས།།

སྙིང་གཏམ་བཤད་རོགས་ལབ་ན།།

མདུན་གྱི་མཚོ་ལ་ལྕེབས་ནས།།

ཉ་མོའི་གྲོགས་སུ་ཆས་འགྲོ།།


ང་ནི་གྲིབ་མར་འགྲོགས་ནས།།

ནགས་ཀྱི་ཡལ་གར་ཁེན་དུས།།

བྱ་ཁྱུའི་སྒྲོ་ལ་གནོད་ན།།

ནམ་འཕང་བཅད་ནས་འཕུར་འགྲོ།


དབྱར་གཞུང་མེ་ཏོག་ཚལ་གྱི།།

གཡུ་སྦྲང་ཡིན་ན་སྐྱིད་པ།།

ནགས་ཀློང་ཀུན་དགའི་དབུས་ཀྱི།།

སེང་གེ་ཡིན་ན་སྤྲོ་བ།།


ཇག་པའི་དཔུང་རོགས་མི་འོང་།།

དཔོན་པོའི་རྐུབ་སྟེགས་མི་ལོན།།

ན་ཚོད་ཉི་མའི་གྲོང་གི།

གཞོན་པའི་རྟ་ཁ་སུས་དཀྱོགས།།


ད་ནི་རི་ལ་བསྡད་ནས།།

ནམ་མཁའ་སྟོང་བར་བལྟ་བསམ།།

ཇག་པས་འདེད་ཐབས་མེད་པའི།།

ཆོས་ཀྱི་མེ་ལོང་བལྟ་བསམ།།


  • ལེ་ཚན་སྔོན་མ།:བདག་གིས་QQདྲ་ལམ་བརྒྱུད་ནས་ཁྱོད་ལ་བསྒུགས་ཡོད།
  • ལེ་ཚན་རྗེས་མ།:སེམས་དང་སེམས་པ།