ཉི་མ་རྡོ་རྗེ། 2019-02-25
རྒྱང་ཐག་ལེ་དབར་ཉིས་བརྒྱ་ལྷག་གི་སར།།
འབའ་འབུར་མི་སྙོམས་གཞུང་ལམ་རྒྱང་དུ་འཐེན།།
གཡས་གཡོན་གཉིས་སུ་སྔོ་ལྗང་སྤང་གིས་བརྒྱན།།
ལྟོང་ཟའི་ལྷ་སྡེ་གནམ་གྱི་མཐའ་རུ་ཆགས།།
སྙི་ཆུ་དལ་བ་རིང་མོ་གཡས་ནས་འབབ།།
གཡོན་དུ་མར་གད་ལྟ་བུའི་སྤང་ལྗོངས་མཛེས།།
དཀར་ནག་ཕྱུགས་ཀྱིས་ངུར་སྒྲ་འབྲུག་སྟོང་བཞིན།།
ལྟོང་ཟའི་རྣམ་པས་ཡིད་དབང་ཕངས་མེད་འཕྲོག།
སྙི་ཡི་ཐང་ཆེན་ཁོད་ཡངས་མུ་མཐའ་མེད།།
མིག་གི་སྔུན་དུ་གནས་པའི་ཡུལ་སྡེ་ཡང་།།
འཕྲུལ་གྱི་རྟ་ཕོ་ཉིན་ཕྱེད་ཙམ་ལ་བསྐྱོད།།
ས་ཆ་དེ་ནི་ངོ་མཚར་ཡུལ་ལྗོངས་ཤིག།
མདུན་རྒྱབ་གཉིས་ལ་རི་བོ་རྔམས་སུ་མཐོ།།
རྩྭ་ཐང་གཞུང་དུ་ཕྱུགས་རིགས་སྐར་ཚོགས་བཞིན།།
སྦྲ་གུར་ལོགས་སུ་རི་དྭགས་ཁྱུ་དང་ཁྱུ།།
སྐབས་སྐབས་ཁྲུང་ཁྲུང་དཀར་མོས་བྲོ་གར་རྩེན།།
འབྲི་བརྒྱ་རྡང་ལ་བཏགས་པའི་རྣམ་པ་དེས།།
འབྲོག་པའི་བུ་མོ་འདུག་པའི་གོ་སྐབས་མེད།།
རྒྱུན་དུ་འཚོ་སྐྱོང་བྱེད་པའི་ངང་ཚུལ་གྱིས།།
མར་དང་ཆུར་བས་བང་མཛོད་ཡང་ཡང་བཀང་།།
གོས་དང་འབྲུ་ཡིས་ཤིང་སྒམ་བྱུར་བུར་གཏམས།།
དཀོན་མཆོག་མཆོད་པའི་མར་མེ་ཡང་ཡང་འབར།།
རྒྱུན་དུ་ཁ་བཟང་ཚིག་དང་ཡིག་དྲུག་བགྲངས།།
ལྟོང་ཟའི་ཡུལ་ནི་འོད་གསལ་ལྷ་ལ་འགྲན།།
བྱིས་པ་རྣམས་ནི་རྟ་རྩལ་ཞོན་ལ་བདེ།།
དཀར་ནག་ཕྱུགས་རིགས་རྟ་ཕོའི་ལམ་ནས་སྐྱོང་།།
མ་སྲུ་རྣམས་ནི་ལས་ལ་བརྩོན་ཞིང་དགའ།།
འབྲོག་པའི་ལས་ཀ་མཐའ་དག་སྒྲུབ་ལ་མཁས།།
འབུམ་ལུང་དགོན་པའི་དབྱིངས་སུ་སྤྲིན་བཟང་འཁྲིགས།།
ཆོས་ཀྱི་དར་ཚོན་རླུང་གིས་ལྷབ་ལྷུབ་གཡོ།།
གཙུག་ལག་ཁང་དུ་སྤོས་ཀྱི་དྲི་བསུང་འཐུལ།།
ཆོས་ཀྱི་སྙན་དབྱངས་ཡངས་བའི་རྩྭ་ཐང་ཁྱབ།།
རྩྭ་ཐང་མཐའ་ནས་ཞོགས་པའི་ཉི་ཟེར་འཕྲོས།།
སྤྲིན་པ་དཀར་པོ་དར་དཀར་འཐེན་པ་འདྲ།།
སྦྲ་གུར་ནང་དུ་སྙན་པའི་གླུ་གཞས་དང་།།
བཅུད་ལྡན་ཟས་ཀྱི་བྲོ་བ་སྣ་ནང་འགྲོ།
སྟོད་གོས་དམར་པོ་གོན་པའི་འབྲོག་པ་མོ།།
ངོ་གདོང་སྐག་ཚོས་བརྒྱན་པའི་དྲི་མ་དབེན།།
དཀར་ལ་དམར་མདངས་ཆགས་པའི་རང་བྱུང་མཛེས།།
རྩྭ་ཐང་ངོས་སུ་མཛེས་སྡུག་ཁ་སྣོན་བྱེད།།
ལྕུག་ཕྲན་ལྟར་གྱི་སྐེད་པ་མཉེན་ཞིང་ཕྲ།།
སྲབ་ཅིང་འཇམ་པའི་དར་གོས་སྨད་དུ་གོན།།
ཤ་རྩི་དཀར་ལ་དམར་མདངས་རྒྱས་པའི་གདོང་།།
ལྟོང་ཟའི་བུ་མོ་དྲི་ཟའི་ལྷ་མོ་འདྲ།།
ན་འབུད་ཁ་རུ་སྨུག་པས་བཏུམ་ཞིང་བསྐོར།།
གྱ་གྱུའི་རི་ལམ་དེ་ཡི་གསང་དུ་འཐེན།
སྲོད་ཀྱི་དུས་སུ་ཁྱི་སྐད་ཐར་ཐོར་གྲགས།།
ལྟོང་ཟའི་ཡུལ་ནི་དབེན་པའི་གནས་མཆོག་ཉིད།།
སྨན་གྱི་མཆོག་གྱུར་དབྱར་རྩྭ་དགུན་འབུ་དང་།།
ཡངས་བའི་རྩྭ་ཐང་བདེ་སྐྱིད་འཚོ་བ་དང་།།
ཡ་རབས་ཚུལ་བཟང་གུས་པའི་བྱ་སྤྱོད་རྣམས།།
ལྟོང་ཟའི་ཡུལ་སྡེའི་རྒྱན་ཆ་ཁོ་ན་འོ།།
རྩོམ་གསར། 10