གློ་བུར་དུ།

ཚངས་ཐིག        2019-02-25

ལོ་ཟླའི་འགྱུར་བག་གིས།

ངའི་ངོ་གདོང་ལ་འཁྲུལ་སྣང་གི་ས་བོན་བཏབ།

སྐབས་དེར།

སྡུག་བསྔལ་གྱིས་གྲུབ་པའི་ཕུང་པོ།

གློ་བུར་ངང་རང་དང་རྗེས་མེད་དུ་གྱུར་པས།

ད་གཟོད། མི་ལོ་བཅུ་བདུན།

ཉོན་མོངས་ཀྱིས་དྲུད་ནས་ཡོངས་སུ་རྫོགས་པ་རྟོགས།


འདོད་ཆགས་ཀྱིས་ཁུར་བའི་འཁོར་བའི་ནུབ་རླུང་།

ང་ཡི་ཁ་གཏད་དུ་གཡུགས་རྗེས།

མིག་ཟུང་རྡུལ་གྱིས་གཙེས།

མི་དག་གིས་མྱ་ངན་གྱི་ཁ་འབོད་གཏོང་།


སྡིག་སྒྲིབ་ལས་སྐྱེས་པའི་བདག་གི་ཡན་ལག

ཞིབ་ཏུ་བལྟས་ཚེ།

རྒས་སོང་བའི་ཤིང་སྐམ་བཞིན་ཕྱི་འཁྱོག་ནང་འཁྱོག་ཏུ་མཐོང་།

དེ་ལྟ་མོད། ཡོད་ཚད་འགྱུར་ལྡོག་གི་ཚོར་སྣང་ཞན་པས།

རྣམ་རྟོག་གི་གཟེབ་དྲའི་ནང་དུ་ཡང་ཡང་བརྒྱུགས།


དུས་ཚོད་ནི་གཙང་བོ་བཞིན་མདུན་ནས་མདུན་དུ་བཞུར།

དེ་ལ་སེམས་ཁྲལ་དང་དོགས་པ་མི་སྐྱེའམ།

གང་ཡང་མི་དགོས་ཞེ་ན།


འདས་སོང་བ་ནི་དུས་ཚོད་ཁོ་ན་རེད་ཨང་།


  • ལེ་ཚན་སྔོན་མ།:ལོ་སར།
  • ལེ་ཚན་རྗེས་མ།:ལྟོང་ཟའི་ཡུལ་དུ་བསྐྱོད་པ།