བསོད་ནམས་ཕུན་ཚོགས། 2018-12-28
ཞལ་སྐྱེམས་ངག་འཕྲུལ་རྒུམ་པ་ཡིས།།
ལུས་ཀྱི་ཁྲེས་པོའི་མྱོང་གོམས་བསྣམས།།
ཁྱོད་ཞལ་ཁྲག་རྩའི་འདུ་བྱེད་ལས།།
སླར་ཡང་སྤོབས་པས་རྣམ་རྟོག་སྤྲོས།།
སྐྱེ་འབྲས་དཔྱིད་རླུང་འཛུམ་པ་ཡིས།།
ཐ་སྙད་མེ་ཏོག་པང་བའི་ཁྱོད།།
སྲོག་གིས་འཁྱུད་པའི་མདུན་རྒྱབ་ནས།།
རྒྱང་རིང་ལན་གྲངས་བཙལ་བ་ཡིན།།
ལོ་མས་བྲིས་པའི་ཚེས་རིས་ཤིག།
དྲན་སྣང་མཉེན་མོའི་ལྗོངས་ན་རྒྱུ།།
རྣམ་ཤེས་ཐེད་པའི་ཟླ་གཞོན་ཁྱོད།།
འཛུམ་ཟེར་བསྟར་བའི་དོ་ཤལ་ཞིག།
བས་མཐའི་སེམས་ཚེགས་བཙིར་བ་ཡིས།།
དྲན་དང་གདུང་བའི་གཡབ་མོ་བྱེད།།
ནགས་ཀྱི་སྨྲ་ལྕེའི་སྨྲེང་བ་བསྡམས།།
ཆར་ཟིམ་དབུས་ན་སྙིང་སྡུག་མཐོང་།།
སྟོང་ཁམས་དུབ་པའི་མཚོ་ངོགས་སུ།།
དགའ་དུང་བྲུལ་བའི་ཕྱེ་ལེབ་ཆ།།
རྨི་ལམ་རི་ནས་བདག་ཡིད་རྩེ།།
རླུང་གིས་བདས་པའི་བག་ཆགས་སད།།
དྲན་འདུན་བྲོ་བས་མཚན་ལྗོངས་སུ།།
མེ་ཏོག་ལན་བུ་འཁོར་ནས་བྱུང་།།
གནས་འདིར་སྒྲ་མེད་ལྷིང་འཇགས་ཅན།།
གངས་རླུང་འཚུབ་པའི་འཇིག་རྟེན་བཟི།།
གཅིག་པུར་ཆང་ཕོར་བཏེགས་པ་ལས།།
མཆི་མས་གསང་གཞས་མགྲིན་པར་སྐུངས།།
ཟིལ་བ་སྒུལ་བའི་རྒྱབ་གཟུགས་དེས།།
སྣང་བའི་གྲུ་ཆར་ལོ་འདིར་ཕབ།།
རྩོམ་གསར། 10