དྲན་པའི་བློ་མིག

བསོད་ནམས་ཕུན་ཚོགས།        2018-12-28

བྲང་གཞུང་རླན་པའི་དོ་ཞག་དྲན་སྣང་གིས།།

ལེ་བར་ཁྲི་སྟོང་དངན་པ་རིང་མོ་བཀླུབས།།

བརྩེ་ཞེན་སྒྲོན་འོད་མི་མེད་འཇིག་རྟེན་འདི།།

ཁུ་སིམ་ལྗང་ལོ་འདུན་པའི་བསུང་ངད་ཐུལ།།

 

ཉི་མའི་མིག་གིས་ལྗོན་པའི་གྲིབ་བསིལ་དབེན།།

རླུང་གི་གཤོག་པས་གྲིབ་མའི་རྒྱབ་གཟུགས་དེད།།

གྱེས་ཚོར་ཟབ་མོས་འདས་པའི་ཡོད་ཚད་ལ།།

ང་ཡི་རྨི་ལམ་ཐ་སྙད་ལྐུགས་པའི་རྒྱུ།།

 

ཚད་མེད་བརྩེ་ཞགས་ཉིན་ལྟར་བཏོལ་བའི་གཟེབ།།

དར་ཐག་བསྣོལ་བའི་ཞེན་ཐག་ཉམས་འགྱུར་གྱིས།།

གཟུགས་མེད་གཡུལ་ས་མོད་པའི་སྐྱོ་གར་ལ།།

གོམ་བགྲོད་དལ་མོས་རྩྭ་ལོ་ཐེད་པོ་བྱས།།

 

སྤྲིན་དཀར་སོར་གདུབ་སྲང་གི་མི་ཚོགས་བཞིན།།

འདུ་འཛི་རླབས་ཀྱི་ལག་པ་གཞན་ནས་བོར།།

སྲོད་ཀྱི་འཁྲེང་སེམས་སྤུ་ལོང་གཡོ་བའི་བདག།།

སྣང་བའི་ཆུ་ལ་གསེར་གྱི་ཨ་ཡིག་བྲིས།།

 

དྲན་པའི་དྲུང་དུ་མགོ་བོ་སྨད་པའི་ཁྱོད།།

ནུབ་ཀྱི་ཟླ་བས་རྨི་ལམ་བོར་བ་ལྟར།།

འགྲམ་རྩའི་སྐྲ་ལོ་བལ་དཀར་ལན་བུ་དེ།།

དྲན་གདུང་རྟ་མཆོག་རྒོད་པོ་སྟོང་ལ་འགྲན།།

བརྩེ་བ་པང་དུ་ལེན་འདྲའི་དབྱར་གཞུང་གིས།།

ཆུང་འདྲིས་དགའ་མའི་དྲུང་དུ་འདུག་པ་བཞིན།།

མཛེས་པའི་མཐར་ཐུག་ཉིད་ལས་འགོང་པ་སྟེ།།

སེམས་ཀྱི་ཟིལ་འབྲས་བརྩེ་བའི་མཚོ་ལ་བཏབ།།

 

སྨྲེང་བ་སེམས་ཀྱི་སྙན་ཚིག་ཁྲི་མ་འབུམ།།

རྒྱུ་སྐར་སྲད་བུས་ལུས་སེམས་དམ་དུ་འཁྱུད།།

རྒྱང་རིང་སྒྱུ་མའི་དབུགས་ངལ་བསྟེན་ན་ཡང་།།

སྔར་བཞིན་དྲན་གདུང་ལྷུན་པོ་ཅི་འདྲའི་ལྗིད།།

 

ཁོ་བོ་གཏན་དུ་འཛུམ་དཀར་ལང་ཚོ་ཡིས།།

འུ་ཅག་ལྷན་དུ་གནས་འདིའི་ལོ་མ་བཞིན།།

མཛེས་པའི་སྙིང་ཆུང་ཞི་བར་སིམ་པའི་དུས།།

ལན་རེ་དགུང་གི་ཉི་མ་སྐོར་ལོག་ཅིག།།

 

ཆུ་བོ་མེད་ཀྱང་མཆི་མའི་འཕྲེང་ཐག་གིས།།

སྐོམ་པའི་མེ་ལྕེ་གསོན་པོར་གཞོམ་པ་སྟེ།།

སུ་ཡང་འཁྲེང་བའི་འདོད་ལྡན་ལེབ་མོ་ཞིག།

སེམས་པ་གྲང་མོ་སྐོལ་བའི་གོད་ཆག་མེད།།

 

དྲན་པའི་རླབས་ཀྱིས་གནས་མལ་འཚོལ་བ་བཞིན།།

ཡིད་སྨོན་ཟབ་མོའི་ནང་གི་མཚོན་བྱེད་དུ།།

སྙན་ངག་འཆར་ཡན་ལྷ་མོར་ཅེར་བ་ན།།

ང་ནི་གཞི་ནས་སེམས་ལ་ལྷོད་ཡང་ཞིག།

 


  • ལེ་ཚན་སྔོན་མ།:མེ་ཏོག་པང་བའི་གཞོན་ནུ་གཉིས།
  • ལེ་ཚན་རྗེས་མ།:ཁེར་རྐྱང་གི་སོ་སྲུང་བ།