བསོད་ནམས་ཕུན་ཚོགས། 2018-12-28
རླུང་ཡོར་ཞེད་སྣང་ཆུ་སྒར་རིངས་སྟབས་ཀྱི་བྱིས་བློ།།
བྱེ་མར་ཟགས་པའི་གར་མའི་བཞུད་ཤུལ་གྱི་དབུ་རྨོག།
འུར་ཆོམ་ཁ་ཆར་རྨས་པའི་གདོང་དམར་གྱི་ཉི་འོད །།
རུས་པའི་སྒྲོམ་ཚིགས་གྲལ་རིའི་སོ་ཁ་ཡི་སྲ་མཁྲེགས།།
བས་མཐའི་ཆར་ཟིམ་སྡོང་རྩེར་ལྷུང་བའི་ལོ་ཟླ།།
འཚོ་བའི་ཐང་ཤིང་ཁ་གང་བྱས་པའི་རྨི་ལམ།།
གཞོན་པའི་ལེ་མདའ་དངན་པ་མེད་པའི་འཛུམ་ཀོང་།
ལུས་སེམས་སྲད་བུས་གཅུན་པའི་རྨ་ཤུལ་གྱི་རྒྱང་མིག།
ལུང་བའི་ཕུ་མདའ་སྐྲ་ཡི་གཉེར་རིས་ཀྱི་དོལ་རྙི།།
གྲང་རེག་སྦུབས་རྒྱ་ངག་སྒོའི་བབ་སྟེགས་ཀྱི་དཔྱིད་རླུང་།།
འདི་སྣང་འགྲུལ་བཞུད་རི་ཁུད་ཚེར་ཕུང་གི་འཚོ་རྟེན།།
མདུན་གྱི་མེ་ལོང་གནས་མོའི་ཕུཊ་མདུན་གྱི་འོབས་རིང་།།
སྨུག་པའི་རལ་གྲི་ཉི་ཟླའི་ཇག་ལམ་གྱི་ལས་བགོས།།
ཕུཊ་མདུན་དཀར་ནག་མདུན་གྱི་བར་སྣང་གི་སྤར་མོ།།
མདུན་རྒྱབ་སོར་མོས་མི་ཚེའི་གབ་ཚིག་གི་ཇ་ཡུན།།
འཁོར་ལོ་སུམ་བརྒྱ་དྲུག་བཅུའི་མནོ་བསམ་གྱི་སྣང་ངོ།།
མཚོ་མཐའི་དབུས་ཁུལ་རྡོ་བའི་གྲོང་ཁྱེར་གྱི་རྩིཊ་ལྡེབས།།
མདང་ནུབ་འཁྱག་རོམ་བྱ་རྒོད་ཞེན་ཆགས་ཀྱི་ངེས་ཤེས།།
འོ་དོད་རྩད་ཞིབ་ཀླག་ཅོར་ཕྱིད་ཐབས་ཀྱི་ཉམས་ཆག།
རི་མོ་སྙིང་སྐྱེས་ཚེར་མའི་མེ་ཏོག་གི་རྦད་ཆོད།།
སྐྱེས་པའི་ཁུ་སིམ་བཅད་པའི་དོ་བཞག་གི་ལོག་མལ།།
ཚོད་གམ་མེ་རོ་སྐྱོ་བའི་དགུ་ཚིགས་ཀྱི་སྒྲུང་གཏམ།།
བྱ་བཞག་དྲི་ངད་ངན་སྐྱུགས་རོ་བཅུད་ཀྱི་ཤུགས་གླུ།།
མྱ་ངན་ཅོ་འདྲི་གཟུང་ཐག་བྱམ་འཁོར་གྱི་རང་རྣམ།།
མི་རྐྱང་སྣེ་འཛིང་མཉེན་མོའི་འཆར་ནུབ་ཀྱི་ཁྲབ་རྨོག།
རྩོམ་གསར། 10