ཉི་མ་རྡོ་རྗེ། 2018-12-21
ངའི་ཕ་ཡུལ་ནི་རི་ལ་བརྟེན་ཞིང་ཆུ་བོས་བསྐོར་བའི་ས་ཆ་ཞིག་ཏུ་གནས།ས་ཆ་དེ་དང་གྲོང་ཁྱེར་བར་རྒྱང་ཐག་རིང་པོ་ཆོད་པས་དབེན་ནི་ཡུལ་འདིའི་ཁྱད་ཆོས་གཙོ་བོ་ཞིག་ཡིན། སྦགས་བཙོག་མེད་པས་གཙང་ནི་དེ་ལ་མངའ་བའི་ཡོན་ཏན་ཞིག་ཀྱང་རེད། རི་བོ་ནི་ལོ་རེ་རེ་བཞིན་དུས་ཚིགས་དང་བསྟུན་ནས་གོས་མདོག་བརྗེ་བ་དང་ཕ་ཡུལ་ནི་དེའི་དབུས་སུ་འཇམ་ཐིང་ཐིང་གིས་གནས་ཡོད། གྱ་གྱུའི་འཁྱུག་འགྲོས་བྱེད་པའི་སྙི་ཆུ་དལ་བ་རིང་མོ་འདིས་ས་འདི་ན་འཚོ་ཞིང་བཞུགས་པའི་མི་རྣམས་ཀྱི་རྣམ་དག་འགྱུར་མེད་ཀྱི་རང་མདངས་དེ་ཁྱེར་ནས་གྲོང་འདབས་ནས་འུར་འུར་ཆོམ་ཆོམ་གྱིས་རྒྱང་རིང་ཡུལ་དུ་བཞུར། རི་ལུང་འདི་བརྒལ་ནས་ས་ཆ་གཞན་དུ་སློབ་གཉེར་ལ་ཞུགས་རྗེས་ཕྱིར་ལོག་ན་འདྲེན་བྱེད་ཡུལ་དུ་མངོན་པ་ནི་རང་ལ་ཆ་རྒྱུས་ཡོད་པའི་ཡུལ་འདིའི་རི་དང་ཆུ་རེད། སེམས་ནས་ནམ་ཡང་འདོར་བ་མེད་པ་དེའང་ཡུལ་འདིའི་རི་དང་ཆུ་རེད།
རི་སུལ་གྱི་འཚོ་བ་ནི་འཇམ་ཐིང་ཐིང་ཞིག་རེད། བྱིས་དུས་ཀྱི་དྲན་པའི་ངོས་སུ་ཆེས་མཛེས་སྡུག་གི་རྣམ་པ་དེ་རི་དང་ཆུས་བསྩལ་བ་ཞིག་རེད། ཕ་ཡུལ་གྱི་རི་ནི་ཚང་ཚིང་འཁྲུག་པའི་རྩི་ཤིང་གིས་བཀང་བ་དང་དེའི་ནང་རི་དྭགས་ཀྱི་ཚོགས་རྣམས་ཁྱུ་དང་ཁྱུ་བྱས་ཏེ་རྒྱུ། ཕ་ཡུལ་གྱི་ཆུ་བོ་ནི་དྭངས་གཙང་དྲི་མེད་ཞིག་ཡིན་པས་ས་འདི་ན་འཚོ་བའི་མི་དང་ཕྱུགས་ཟོག་གི་སྐོམ་པ་སེལ་བར་བྱས་པ་མ་ཟད། ལོ་ཏོག་རྩི་ཤིང་ཀྱང་འདི་ལ་བརྟེན་ནས་གཡུར་དུ་ཟ་བའི་འབྲས་བུ་ཐོགས་ཡོད།
དཔྱིད་ཀྱི་དུས་སུ། ལྕང་སྡོང་ལ་མྱུ་གུ་འབུས་པ་དང་སྔོ་ལྗང་ལྗང་གིས་རི་ཀླུང་ཁེངས།བྱིས་པ་སྣབས་ལུག་རྣམས་ཀྱིས་ཕྱུགས་སྐྱོང་ཞོར་དུ་ལུས་གཅེར་བུར་བུད་ནས་སྙི་ཆུའི་འགྲམ་དུ་ཁྲུས་ལ་ཞུགས་ཅིང་རྩེད་མོར་རོལ། དངོས་གནས། བྱིས་པ་ཞིག་གི་ངོས་ནས་བཤད་ན་ཆེས་དགའ་བསུ་བྱེད་པའི་དུས་ཚིགས་ནི་དབྱར་གྱི་དུས་འདི་རེད། ཁོས་ཕྱོགས་ཡོངས་ཀྱི་བཀག་སྡོམ་དེ་ཕར་བསྐྲད་ནས་ཆུ་བོའི་དབུས་སུ་ཞུགས་ནས་རྩེད་མོར་རོལ་ཆོག རྐང་རྗེན་མས་བྱེ་ཐང་དྲོན་མོའི་ནང་རྐང་རྗེས་དཔར་ཆོག་ལ། ཉ་ཆུང་བཟུང་ནས་རྩེད་མོར་རྩེ་བ་དང་གློད་གཏོང་བྱེད་པའི་དབང་ཆ་ཚང་མ་རང་གི་ལག་པ་ཆུང་ཆུང་ལ་ཡོད།
སྟོན་གྱི་དུས་འདི་ནི་འབྲས་བུ་སྨིན་པའི་དུས་ཚིགས་བཟང་པོ་ཞིག་རེད། ཨ་ཁུ་ཞིང་པས་ལོ་ལེགས་ཐོབ་པའི་དགའ་སྤྲོའི་འཛུམ་མདངས་ངོ་ལ་ཤོར་བཞིན་སྟོན་བསྡུའི་ལས་ཀར་ཞུགས། སྟོན་གྱི་དུས་སུ་ཕ་ཡུལ་གྱི་རི་ཀླུང་ཀུན་ཏུ་ལོ་ཏོག་གི་འབྲས་བུ་སྨིན་པའི་ཞིང་ནང་རླུང་བུ་གཡུག་པ་ན་རླབས་ཕྲེང་ནི་ཇི་འདྲའི་མཛེས་སྡུག་ལྡན་པ་ཞིག་རེད་ཨང་།
དགུན་གྱི་ཁ་བའི་མེ་ཏོག་ས་ཆ་འདིར་ཐེངས་གཅིག་གཏོར་བ་ན། ད་གཟོད་བྱིས་པ་རྣམས་ཀྱིས་རྒྱ་སྟག་འདྲ་བའི་དུས་ཚིགས་འདི་སླེབས་ཟིན་པ་ཚོར། དངོས་གནས། ང་ཚོའི་ཕ་ཡུལ་གྱི་དགུན་ཁར་གྲང་ངར་ཆེན་པོ་ཡོད་པའི་རྐྱེན་གྱིས་དགུན་གྱི་དུས་འདིས་ཀྱང་ང་ཚོར་དུས་ཚིགས་གཞན་གྱིས་སྟེེར་མི་ཐུབ་པའི་སྤྲོ་སྐྱིད་མང་པོ་སྟེར། ཁ་བས་མི་བཟོ་ཆོག་པ་དང་། ཁ་བ་འཆང་བུ་བྱས་ཏེ་འཕེན་རེས་བྱེད་པ། ཆབ་རོམ་གྱི་སྟེང་དུ་དར་ཞུད་འཐེན་ཆོག་པ་སོགས་དགུན་གྱི་དུས་ཚིགས་ཁོ་ན་ལས་མེད་པའི་ཁྱད་ཆོས་ཀྱིས་བྱིས་པ་རྣམས་རྩེད་འཇོ་ལ་རོལ་བའི་ལེགས་སྐྱེས་ཕུན་སུམ་ཚོགས་པ་ཞིག་དང་བག་ཆགས་ཟབ་མོ་ཞིག་སྟེར་སྲིད།
རི་དེ་དང་ཆུ་དེ་ཡིས་གཅེས་སུ་འོས་པའི་ངའི་ཕ་ཡུལ་གྱི་མི་རྣམས་མི་རབས་ནས་མི་རབས་སུ་གསོ་ཞིང་སྐྱོང་བཞིན་ཡོད། རི་དེ་ནི་གནའ་སྔ་མོ་སྔ་མོའི་ཡར་སྔོན་གྱི་གནའ་སྔ་མོ་ཞིག་ནས་ཡོད་ལ་རི་དེ་ལ་གནས་པ་ནི་ཡུལ་ལྷ་གཞི་བདག་རེད། གཞི་བདག་དེ་ཀྲོང་ངེར་འགྱིང་བའི་དམག་དཔོན་སྟོབས་པོ་ཆེ་ཞིག་དང་འདྲ་བར་ཡུལ་འདིའི་བདེ་སྡུག་ལོངས་སྤྱོད་ལ་མགོན་སྐྱབས་མཛད། ཡུལ་ལྷ་དེའི་དབུ་རྩེ་རུ་ཉི་མ་འཆར་བ་དེ་ནི་དེ་འདྲའི་སྔ་མོ་ཡིན་ཞིང་མཛེས་སྡུག་ལྡན་པ་ཞིག་ཡིན་པས་འུར་སྒྲ་མེད་ལ་འཇམ་ཅག་གེ་ཞིག་ཡིན། འདིའི་སྟོན་གྱི་དུས་སུ་ཁྲུང་ཁྲུང་ལྷོ་རུ་བཞུད་པར་ལྟ་ཆོག ཕྱི་ལོའི་དཔྱིད་ཀར་ང་ཚོས་འདི་ནས་ཕྱིར་འཕུར་འོང་བར་རེ་སྒུག་བྱེད་ཆོག
ཟླ་བ་མར་ངོ་ནས་ཡར་ངོ་།ཡར་ངོ་ནས་མར་ངོ་། དུས་ཚོད་ནི་གཞུ་རྒྱུད་ནས་ཤོར་བའི་མདའ་མོ་བཞིན་ཕར་འཕངས་ན་ཚུར་འོང་སྲོལ་མེད། ང་ཚོའང་བྱིས་དུས་ནས་ད་ལྟ་འཚར་དུ་ལོངས་ཟིན་པས་ཆུང་དུས་ཀྱི་འཆར་སྒོ་མང་པོ་བློ་ཡུལ་ནས་ནམ་ཟླས་བརྐུས་ཟིན་མོད། འོན་ཀྱང་ཕ་ཡུལ་གྱི་མིའི་ལས་ལ་བརྩོན་ཞིང་དཀའ་སྤྱད་འབད་བརྩོན་གྱིས་རང་གི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་བར་རོལ་བའི་རང་གཤིས་དེར་གཏན་ནས་འགྱུར་མེད། ད་ལྟ། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་བརྒལ་ཟིན། དེའི་རིང་སྲིད་ཇུས་བཟང་པོའི་ཁྲིད་སྟོན་འོག་འཕོ་འགྱུར་གྱི་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཟིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོགབློ་མཐུན་ཞི་ཅིན་ཕིང་གིས་རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་ཞེས་གསུང་ཡོད། དངོས་གནས། རི་ལྗང་ཆུ་དྭངས་ཀྱི་ཁོར་ཡུག་གཙང་ཞིང་ཉམས་དགའ་བ་དེ་གསེར་དངུལ་གྱི་རི་ལས་ཀྱང་ལྷག་པ་ནི་དུས་ཚོད་དང་།འཚོ་བའི་ཆ་རྐྱེན་དང་བསྟུན་ནས་བདེན་དཔང་བྱེད་ཀྱིན་ཡོད་པ་དེ་ཕ་ཡུལ་མིའི་བཞིན་མདངས་ལས་མཐོང་ཐུབ།།
རྩོམ་གསར། 10