སྙན་ངག་པ་ཚངས་དབྱངས་རྒྱ་མཚོ།

གངས་ཟེགས།        2018-12-24

 ལྷ་སའི་གྲོང་ཆེན་ནང་ལ།།
 འུར་སྐད་ཁ་ཆར་བབ་དུས།།
 སྡེ་སྲིད་ཨ་ཐང་མ་ཆད།།
 མོན་གྱི་དབྱར་ཟླ་སླེབས་སོང་།།
 རིག་འཛིན་ཚངས་དབྱངས་རྒྱ་མཚོ།།
 མོན་གྱི་ཁུ་བྱུག་ཐོག་མ།།
 
 ལང་ཚོ་དར་ལ་བབས་པས།།
 འཇིག་རྟེན་བརྩེ་དགས་མྱོས་པ།།
 ཤ་ཁྲག་ལུས་པོའི་མི་ལ།།
 འཚོ་བའི་སྒྱུ་རྩལ་དྭངས་མ།།
 རིག་འཛིན་ཚངས་དབྱངས་རྒྱ་མཚོས།།
 སྐུ་ཚེ་དབྱངས་ལ་བྲིས་ཡོད།།
 
 བསྒོམ་པའི་བླ་མའི་དྲུང་ནས།།
 དད་པའི་དམ་ཚིག་དོར་མེད།།
 མ་བསྒོམས་ཆུང་འདྲིས་བྱམས་པའི།།
 ཐུགས་དང་འགལ་བ་མ་གནང་།།
 རིག་འཛིན་ཚངས་དབྱངས་རྒྱ་མཚོ།།
 འཚོ་བ་དངོས་ཀྱི་མི་ཡིན།།
 
 པོ་ཏ་ལ་རུ་བཞུགས་ནས།།
 གསེར་གྱི་ཁྲི་མངར་གསོལ་ཡོད།།
 འཕྱོངས་རྒྱས་ཀོང་པོར་ཉུལ་ནས།།
 འཆལ་བོའི་མིང་ཡང་ཁུར་ཡོད།།
 རིག་འཛིན་ཚངས་དབྱངས་རྒྱ་མཚོའི།།
 སྐུ་ཚེ་སྐྱ་ཕྱེད་སྔོ་ཕྱེད།།
 
 ཁྲེལ་གཞུང་འཚོ་བ་མིན་ན།།
 བྱམས་པ་བརྒྱ་དང་སྟོང་རེད།།
 ལན་ཆགས་བུ་ལོན་མེད་ན།།
 སེམས་པ་རི་ལ་ཆས་ཆོག།
 རིག་འཛིན་ཚངས་དབྱངས་རྒྱ་མཚོ།།
 ཕྱི་ཐག་སྐྱོང་བའི་གཏན་གྲོགས།།
 
 སྙིང་མཐུན་བྱམས་པའི་ཞལ་ལ།།
 དགྲ་བོའི་གསང་བརྡ་བཞག་སོང་།།
 སེམས་སོང་བྱམས་པ་ལ་ཡང་།།
 སྙིང་གཏམ་ཚང་མ་མ་ཤོད།།
 རིག་འཛིན་ཚངས་དབྱངས་རྒྱ་མཚོ།།
 མན་མོག་ནང་གི་ལོ་ཟླ།།
 
 ཞབས་ཀྱིས་མུན་པ་འཇགས་བཞིན།།
 ཐུགས་ལ་ཉི་འོད་འཕྲོས་སོང་།།
 བྱམས་པའི་ལས་འཕྲོ་སྐྱོང་ཞོར།།
 གསང་བ་དབྱངས་ལ་འགུག་ཡོད།།
 རིག་འཛིན་ཚངས་དབྱངས་རྒྱ་མཚོ།།
 ཚངས་སྲས་ལྷ་མོའི་ཟླ་བོ།།
 
 ཤར་གྱི་ཟླ་གཞོན་རྩེ་ནས།།
 འཁོར་བའི་ཕྱི་ནང་གསང་གསུམ།།
 ཏིང་འཛིན་མིག་གིས་གཟིགས་དུས།།
 ཡིད་ལ་འཇའ་ཚོན་འདྲ་བ།།
 རིག་འཛིན་ཚངས་དབྱངས་རྒྱ་མཚོ།།
 མ་སྐྱེས་ཨ་མའི་སྲས་ཡིན།།
 
 བཟི་བེར་སྲང་ལམ་ཉུལ་བཞིན།།
 སེམས་པ་དབུས་ལ་འཁོར་པས།།
 སྲུང་མ་དམ་ཅན་ཆོས་རྒྱལ།།
 བཀའ་ཡིས་འཕྲིན་པ་བཅོལ་ཡོད།།
 རིག་འཛིན་ཚངས་དབྱངས་རྒྱ་མཚོ།།
 དབུས་ལ་འཁོར་བའི་ཉི་མ།།
 
 ལྷ་བྱ་ཁྲུང་ཁྲུང་དཀར་མོའི།།
 གཤོག་རྩལ་ལུས་ལ་འགྲོག་གིན།།
 མདོ་ཁམས་ལི་ཐང་ཕྱུག་མོ།།
 ཐུགས་ཀྱི་ཕྲེང་ལ་བརྒྱུས་སོང་།།
 རིག་འཛིན་ཚངས་དབྱངས་རྒྱ་མཚོ།།
 མ་འོངས་གསལ་བའི་མེ་ལོང་།།

  • ལེ་ཚན་སྔོན་མ།:རི་ལྗང་ཆུ་དྭངས་ཀྱི་ཁྲོད་དུ་གནས་པའི་ངའི་ཕ་ཡུལ།
  • ལེ་ཚན་རྗེས་མ།:བགྲེས་པོ།