སྟོན་མཇུག་འདས་མ་ཞིག་ལ་བྲིས།

སྦྲང་བུ།        2018-12-21

ཀྱེ་མ་འདི་སྐད་གཏོང་བའི་བདག་གི་གཅེས།།

སེམས་སུ་འཁྲུངས་བ་ལགས་ནི་འཁྲུལ་བ་དང་།།

བཅོས་མ་ངང་དུ་འཐིམ་པའི་ནམ་མཁའ་མེད།།

འཁྲུལ་བ་བརྒྱ་འཁྱིལ་དང་གི་དུས་ཕྱེད་ལ།།

དུས་མཐའ་རྫུན་གྱིས་གཡོག་པའི་ཚེ་འདི་གཏམ།།


ཀྱེ་མ་འཁྲུལ་བ་ལུས་པའི་བདག་གི་གཅེས།།

སེམས་ངོར་དུག་གིས་ཟིན་པ་ལོས་ཤེས་ཀྱང་།།

འཁྲུལ་བ་བྱེ་བྲག་གཅིག་གི་སྟེགས་བུ་འདིར།།

ཚེ་འདིའི་གར་སོང་ཆགས་པའི་ཡིག་འབྲུ་ཡིན།།

མ་སྡོད་ཚིག་ཏུ་བསྐུར་བའི་འཕྲིན་པ་ཡིན།།


ཀྱེ་མ་བདག་ཏུ་རུང་བའི་གཞོན་ནུ་ལགས།།

འཇིག་རྟེན་ཆུང་ངུ་སྣང་བ་སྐད་ཅིག་ཙམ།།

ཡང་དུ་གཏོང་ན་བསམ་བློའི་སྒེའུ་ཁུང་དུ།།

ནག་ནོག་དང་ནི་འཁྲུལ་བའི་འཇིག་རྟེན་དེ།།

ཡེ་ནས་བཟོས་པའི་འཇིག་རྟེན་མ་ཡིན་ནོ།།


སྟོན་མཇུག་ཞིག་གི་ཉི་མ་གཏོང་ཞོར་དུ།།

དགུན་གྱི་ཉི་མ་སེམས་སུ་དྲན་ཞོར་དུ།།

སྐད་ཅིག་མི་སྡོད་སྲོག་གི་འཇིག་རྟེན་དེ།།

སྟོན་མཇུག་བསུ་བའི་ཉི་མ་ནང་བཞིན་དུ།།

ལྷན་ཅིག་དང་ནི་མཉམ་དུ་དུས་ཤིག་རྫོགས།།


  • ལེ་ཚན་སྔོན་མ།:འཆར་ཡན་ཡལ་བའི་ཞག་མ།
  • ལེ་ཚན་རྗེས་མ།:རི་ལྗང་ཆུ་དྭངས་ཀྱི་ཁྲོད་དུ་གནས་པའི་ངའི་ཕ་ཡུལ།