འཆར་ཡན་ཡལ་བའི་ཞག་མ།

མིག་གསར་བ།        2018-12-21

ཁྱོད་ཀྱིས་ང་ཡི་སྙིང་ཁར་སོ་ཞིག་བཏབ།།

ཁྱོད་ཀྱིས་ང་ཡི་མིག་ལམ་གྲིབ་མས་བསྒྲིབས།།

ཁྱོད་ཀྱིས་ང་ཡི་ངག་སྒོ་བཅད་དེ་སོང་།།

ཁྱོད་ཀྱིས་ང་ཡི་སྙན་ངག་རུམ་ནས་བརྐུས།།

ཁྱོད་ཀྱིས་ང་ཡི་སྙུ་གུ་གཞན་ལ་བྱིན།།

ཁྱོད་ཀྱིས་ང་ཡི་འབྲི་ཤོག་མེ་རུ་བསྒྲོན།།

ཁྱོད་ཀྱིས་ང་ཡི་གཞས་ཚིག་གཞན་པར་བཙོངས།

ཁྱོད་ཀྱིས་ང་ཡི་འདས་མ་ད་གསུམ་ཁྱེར།།

ཁྱོད་ཀྱིས་སྐྱོ་གཞས་མཐའ་དག་ང་ལ་བསྐྱུར།།

ཁྱོད་ཀྱིས་གད་སྙིགས་སྒམ་ཞིག་ང་ལ་བྱིན།།


ང་ཡིས་སྙིང་གི་དཀྱིལ་གྱི་གཞིས་ཁྱིམ་བྱིན།།

ང་ཡིས་སེམས་ཀྱི་གཏིང་གི་སྙིང་གཏམ་བཤད།།

ང་ཡིས་སྙན་ངག་ལྟ་བུའི་ཁྱོད་རང་བྲིས།།

ང་ཡིས་སྒྲུང་ཡིག་འདྲ་བའི་ཁྱོད་རང་བཀླགས།།

ང་ཡིས་འཁོར་བ་ལྟ་བུའི་ཁྱོད་རང་བསྐྱངས།།

ང་ཡིས་ནོར་ཁྱུ་འདྲ་བའི་ཁྱོད་རང་འཚོས།།

ང་ཡིས་ནམ་མཁའ་ལྟ་བུའི་ཁྱོད་རང་བལྟས།།

ང་ཡིས་གཙང་བོ་འདྲ་བའི་ཁྱོད་རང་བརྒལ།།

ང་ཡིས་སྲུང་འཁོར་ལྟ་བུའི་ཁྱོད་རང་བཏེགས།།

ང་ཡིས་ཁ་ཏོན་འདྲ་བའི་ཁྱོད་རང་བཏོན།།


ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནའང་།།

ལམ་གྱི་སྲང་མདོ་ཞིག་ཏུ་གྱེས་པ་བྱུང་།།

ཆ་རྒྱུས་ཧ་ཅང་ཡོད་པའི་མི་དེ་ཡང་།།

ཆ་མེད་གྲོང་སྡེ་ཞིག་ནས་སོ་སོར་ཕྱིན།།


  • ལེ་ཚན་སྔོན་མ།:ཕ་ཡུལ་དྲན་པ།
  • ལེ་ཚན་རྗེས་མ།:སྟོན་མཇུག་འདས་མ་ཞིག་ལ་བྲིས།