ལྗང་རླུང་། 2018-11-08
བདག་གི་འཇིག་རྟེན་གས་གྱུར་པས།།
སྐར་མ་ལག་གང་ཁྱེར་ཡོང་ཞིང་།།
ཁྱེད་ཀྱི་རུམ་དུ་བསྒྲུགས་པའི་ཚེ།།
ཟླ་བའི་འོད་ནི་རབ་ཏུ་གསལ།།
གཙང་བོ་གཞུང་ལ་འགྲིལ་པ་དེ།།
གཤོག་པ་འཐོར་བའི་ཕྱེ་ལེབ་བཞིན།།
སྐྲ་རྩེའི་ཟིལ་བ་ཟགས་གྱུར་པས།།
མདུན་དུ་སྤུངས་པའི་རྡོ་ཡི་ཚོགས།།
མེ་ཏོག་རེ་རེར་གྱུར་པའི་ཚེ།།
མཁའ་མཐའི་འཇའ་འོད་ཕྱེ་མ་ལེབ།།
བྲོ་གར་རྡུང་ཞིང་བར་མེད་འཕུར།།
ཁྱོད་ཀྱི་མིག་གི་མདའ་མོ་བཞིན།།
རྡོ་ལ་བྲིས་པ་སྐར་མའི་འོད།།
ཁྱོད་ཀྱིས་ཡུལ་ནས་མ་བརྐོས་ཀྱང་།།
ང་ཡི་ལུས་ཀྱི་ཕྱེད་ཀ་ཡིས།།
མཚན་མོ་དེ་ནས་རུམ་དུ་བསྡུས།།
གཤོག་པ་ཐོགས་པའི་སྨུག་སྤྲིན་ལ།།
མཛུབ་མོ་གཅིག་གིས་བཟི་བར་བྱེད།།
སྒང་དུ་གཡུགས་པའི་དར་ལྕོག་ལ།།
སྲོག་གི་དབང་པོ་སུ་ཡིས་བཙལ།།
མ་ཎི་རི་ནས་གྱེར་པའི་ཚེ།།
ང་དང་ཁྱོད་ཀྱི་འཇིག་རྟེན་ལ།།
རྩེད་རྡོ་སྒྲིག་པ་ག་ཙམ་ཡིན།།
སྙན་ངག་བྲིས་པ་ཇི་ཙམ་འདས།།
ཁྱོད་ཀྱི་རུམ་དུ་བྱེ་མ་ཡོད།།
རླུང་གི་བུ་ཡུག་ང་ཡིས་བརྩལ།།
རྡུལ་ཕྲན་རེ་ལ་ཆར་ཐིགས་ཀྱིས།།
འདབ་ལོ་དམར་པོ་བཏབ་པའི་ཚེ།།
རྨི་ལམ་ནང་གི་ཕྱེ་མ་ལེབ།།
ངུ་ཞིང་ངུས་ཏེ་ཞབས་བྲོ་རྡུང་།།
དྲ་མའི་ངོས་ལ་རླངས་པ་ཐུལ།།
མདང་གི་མཚན་མོ་འཇིག་རྟེན་བརྫུས།།
ཨེ་མ་མཚར་རོ་བདག་གི་མིག།
རྩོམ་གསར། 10