ངལ་བ།

བཙན་མི།        2018-11-08

སྒེའུ་ཡོལ་སྔོན་པོའི་ཕག་གི་སྣང་བའི་རླུང་བུ།།

དལ་ཙམ་གཡུག་པ་ཙམ་གྱིས་སྐྲ་ལོ་ཁུར་སོང་།།

ངང་འགྲོས་སྦྲ་ལ་འཐེན་པའི་འབྲོག་རའི་ཨ་ཅག།

ང་ཡི་ཁྱིམ་གཞིས་འདི་ལ་འབྲེལ་བ་མི་འདུག།

 

ནགས་འདབས་འཕྲེད་ཀྱིས་གཅོད་པའི་བྱེའུ་དེ་དག།

ས་ལ་བབས་ཤིང་སྒུམ་འབུ་འཐུ་ཞིང་འགྲོ་བ།།

འཇིག་རྟེན་གཅེར་བུར་ཕུད་པའི་རྗེས་ཀྱི་གཟུགས་ལ།།

ལྟད་མོ་ཡོད་ཀྱང་མེད་ཀྱང་ང་ཡིས་མི་མཐོང་།།

 

གངས་ཆར་འདྲེས་མའི་ནང་གི་ལུག་རྫི་གླུ་བ།།

ངག་ལ་དབྱངས་ཅན་མེ་ཏོག་ལྷམ་མེར་གད་འདུག།

སྙན་པ་རི་དང་གཙང་བོའི་རྣ་བར་འཁྱུད་པས།།

བཟི་བོའི་ཅ་ཅོ་ཉིན་དང་མཚན་ལ་བསྒྲགས་འོང་།།

 

མཛེས་པའི་སྣང་བརྙན་དེ་ནི་ང་ཡི་ཐད་ན།།

མིག་གི་དྲང་ཐིག་རྒྱབ་ཀྱི་མི་ལ་ཕྱོགས་འདུག།

ངལ་བའི་སྨུག་པ་འཁྲིགས་པའི་ང་ཡི་གདོང་ལ།།

འོད་ཟེར་ཉག་མ་གཅིག་ཀྱང་སྤྲོས་པ་མི་སྲིད།།

 

པད་མོ་མེད་པའི་ཁོར་ཡུག་ཁ་བས་གཡོག་སོང་།།

བུ་ཡུག་གྲངས་མེད་རྒྱག་པར་དལ་བ་མི་འདུག།

སྣང་བ་དེ་ཡི་འགྲམ་ལ་ཚ་བ་འཁྱིལ་བས།།

རྔུལ་ཆུ་ཟགས་ཤིང་ཟགས་པར་མཐའ་ཞིག་མེད་ཨང་།།

 

ཁྱོད་རང་ཟེར་བའི་མེ་ཞིག་འབར་ཞིང་བུད་སོང་།།

ང་ཡི་བརྩེ་དུང་ནགས་ཚལ་མེ་ལྕེས་བདས་སོང་།།

འཆར་ཡན་གཡང་ལ་ལྷུང་བའི་རི་དྭགས་དེ་ཚོས།།

ས་མཐའི་བྱེ་མ་སྐྱ་བོར་ལྕེ་ལྡག་བྱས་ཡོད།།

 

རྒྱང་རིང་འཐོང་འདོད་རི་བོའི་མཐོ་སར་འཛེགས་ན།།

སྨིག་རྒྱུའི་ཆུ་ལ་རང་ཉིད་འཆར་བ་མཐོང་འོང་།།

སུས་ཀྱང་མིག་ནས་བོར་བར་ཐུགས་ཁག་མི་འདུག།

ཡི་དྭགས་གཟུགས་ཀྱིས་ང་ཡི་ནམ་མཁའ་བསྒྲིབས་ཡོད།།

 

ཆུ་དེའི་ཕ་རོལ་འཚོ་བའི་སྤང་ཐང་ཡིན་ན།།

ང་རང་ཚུར་རོལ་རླུང་བུ་འགམས་མཁན་ཡིན་ནོ།།

དམ་ཚིག་སུ་ལ་མ་བཞག་སུས་ཀྱང་མ་བཞག།

ཁེར་རྐྱང་ཟླ་བའི་འོག་ནས་སྐྱོ་བར་འཐམ་ཡོད།།

 

སྡོད་ཀྱིན་སྡོད་ཀྱིན་ཨོང་ཤ་གཟེར་གྱིས་གཅུམ་འོང་།།

སོང་གིན་སོང་གིན་ལམ་ནས་གོམ་ཁ་འཆོལ་སོང་།།

བསྡད་ཀྱང་སོང་ཡང་འཚོ་བ་རྙེད་ཐབས་མེད་འདྲ།།

ཀྱེ་ཨང་སྲིད་ཁམས་བདག་གི་གདངས་སུ་མི་འདུག།


  • ལེ་ཚན་སྔོན་མ།:སྐར་མ་ལག་གང་།
  • ལེ་ཚན་རྗེས་མ།:འུག་པའི་ཚོགས།