གཞི་རིམ་དུ་བསྐྱོད་པའི་མཐོང་ཐོས།

ཉི་མ་རྡོ་རྗེ།        2018-11-05

འཕོངས་ལུའི་འགོ་ལ་ཉི་ཟེར་འཕྲོ་བའི་དུས།།

ང་ཚོ་ལས་བྱེད་རྣམས་ནི་མལ་ལས་ལངས།།

ཉི་མ་གཅིག་གི་དུས་ཚོད་འཁྱོལ་ཐབས་བྱེད།།

ང་ཚོ་ལས་བྱེད་འགའ་རེ་སྐྱིད་པ་ལ།།

ཁ་ནས་བློ་སེམས་གཅིག་གིས་དམངས་དོན་སྒྲུབ།།

དོན་དངོས་རྒྱན་པོ་འགྱེད་དང་ཚོང་སྒོ་ཕྱེ།།

རྒྱུན་པར་དོན་མེད་གཏམ་གྱིས་ནམ་ཟླ་བསྐྱལ།།

ང་ཚོ་ལས་བྱེད་འགའ་རེ་སྐྱིད་པ་ལ།།

ཕར་ལ་བལྟས་ན་བོད་ཀྱི་མི་རིགས་འདྲ།།

ཁ་ནས་སྦྲགས་གཏམ་སྨྲ་ཞིང་མགོ་སྟེང་གི།

སྐྲ་ལོའི་ཁ་དོག་བསྒྱུར་ནས་བཅོས་མ་བྱེད།།

ང་ཚོ་ལས་བྱེད་འགའ་རེ་སྐྱིད་པ་ལ།།

ཏང་གི་སྲིད་ཇུས་ཞིང་སྡེ་འཛུགས་སྐྲུན་གྱི།།

འབྲེལ་ཡོད་གཏན་འབེབས་ནང་དོན་ཤེས་མ་ཐུབ།།

ཡིན་པ་ཙམ་གྱི་གཏམ་གྱིས་གཞན་མགོ་བསྐོར།།

ང་ཚོ་ལས་བྱེད་འགའ་རེ་སྐྱིད་པ་ལ།།

ཡིག་ཆའི་དགོངས་དོན་ཁྲིམས་ལུགས་བཅའ་ཁྲིམས་དང་།།

ཉེ་བར་མཁོ་བའི་གལ་ཆེའི་སློབ་སྟོན་དང་།།

མི་རིགས་རང་གི་ལོ་རྒྱུས་མི་ཤེས་པའི།།

ང་ཚོ་ལས་བྱེད་འགའ་རེ་སྐྱིད་པ་ལ།།

རྒྱུན་དུ་རང་དོན་འབའ་ཞིག་དོན་གཉེར་བ།།

གོ་ས་མཐོ་དང་དཔལ་འབྱོར་ཁེ་ཕན་ཙམ།།

རང་གི་རིགས་ལ་བསམ་མནོ་སྤུ་ཙམ་མེད།།

ང་ཚོ་ལས་བྱེད་འགའ་རེ་སྐྱིད་པ་ལ།།

རྩོམ་ཞིག་བྲིས་ན་ཉག་ཉོག་ཡིག་ནོར་མང་།།

ཡིག་བསྒྱུར་བྱས་ན་ཕན་ཚུན་བརྡ་མི་འཕྲོད།།

སྐད་ཆ་བཤད་དུས་སྦྲགས་མའི་སྐད་ཀྱིས་གང་།།

ང་ཚོ་ལས་བྱེད་འགའ་རེ་སྐྱིད་པ་ལ།།

རྒྱུན་དུ་སློབ་སྦྱོང་བྱེད་པའི་བརྩོན་པ་མེད།།

ཚོགས་འདུ་འཚོག་དུས་ཟིན་བྲིས་བྱེད་མི་དགོས།།

དམངས་ཀྱི་དོན་ལ་སེམས་ཁུར་བྱེད་མི་དགོས།།

ང་ཚོ་ལས་བྱེད་འགའ་རེ་སྐྱིད་པ་ལ།།

ལྕགས་ཀྱི་ཕོར་བ་འཛིན་པའི་ལས་བྱེད་ཡིན།།

གཞན་དང་འདྲ་བའི་ཐོབ་དང་དངུལ་སྒོར་ཡོད།།

ཉི་མ་འཁྱོལ་ནས་གླ་ཕོགས་ལེན་པ་སྟེ།།

ང་ཚོ་ལས་བྱེད་འགའ་རེ་སྐྱིད་པ་ལ།།

ཕྱི་ནང་མེད་པའི་བྱ་བ་འདི་དག་གིས།།

རང་གཞན་ཚང་མའི་མཚང་འདི་ལྷང་ངེར་སྟོན།།

རྒྱུ་འབྲས་མེད་ཅིང་མགོ་བོ་སྟོང་བ་ཡི།།

ང་ཚོ་ལས་བྱེད་འགའ་རེ་སྡུག་པ་ལ།།


  • ལེ་ཚན་སྔོན་མ།:སྔ་དྲོའི་འཇིག་རྟེན།
  • ལེ་ཚན་རྗེས་མ།:སྐར་མ་ལག་གང་།