གངས་ཆབ་སྔོན་མོ། 2018-11-02
ཞིང་སྡེ་གསར་སྐྲུན་གྱི་རླུང་ནག་འཚུབ་མས༎
རི་གྲོང་སྐྱ་བོ་འདིའི་ཡོད་ཚད་འཁུར་སོང་༎
ལོ་ལོན་རྒན་རྒོན་དང་མཁར་གྱང་སྐྱ་བོ༎
བོད་གྲོང་ཡིན་ལུགས་ཀྱི་མཛེས་རིས་ཡིན་ནམ༎
ཆུ་མིག་ཆུང་ཆུང་དེའི་འབབ་རྒྱུན་མཐོང་ན༎
ཁོ་བོ་རི་གྲོང་འདིར་འོང་བ་འཕྱུག་འདུག།
ཞོགས་པའི་དུང་དཀར་གྱི་འགྱུར་ཁུགས་ཐོས་ན༎
སེམས་པ་འཁྱགས་པོ་འདིར་དྲོད་ཅིག་རྒྱས་འོངས༎
ཉེ་རིང་ཆགས་སྡང་གི་ཟུར་མིག་ལིང་ལིང་༎
གཉེན་སྡེབ་དཔུང་སྒྲིག་གི་མགོ་བོ་ཀྲོག་ཀྲོག།
རི་གྲོང་སྲིབ་འཁོར་འདིའི་རྔམས་ཁ་བརྒལ་དུས༎
ཚངས་པའི་ཐིག་ཤིང་ཞིག་འཛིན་མཁན་སུ་ཡོད༎
རྒྱན་འཇོག་ཤོ་རྒྱག་གི་ཐག་སྒྲ་དིར་དིར༎
ཁྱོད་ཕམ་ང་རྒྱལ་གྱི་ཀི་སྒྲ་སིང་སིང་༎
མཚན་ནམ་རིང་མོ་འདིའི་སྐར་ཚོགས་གཏོར་དུས༎
གསོང་བོའི་སྙིང་གཏམ་ཞིག་ཤོད་མཁན་སུ་མཆིས༎
དྲང་པོའི་སེམས་པ་འདི་གནའ་སྐྱོ་ད་སྐྱོ༎
འཇགས་མེད་སྨྱུ་གུ་འདི་ད་འཁྱུག་ཡང་འཁྱུག།
ལྷ་ཁང་རྒས་འཁོགས་དེའི་ནང་སྙིང་མཇལ་དུས༎
སྤྱན་ཆབ་དྭངས་མ་རེ་འཕོ་མཁན་དུ་ཡོད༎
རི་སྡེ་ཁྲ་མོ་འདི་མུན་པས་བསྒྲིབས་སོང་༎
གྲེ་ཆེན་རི་བོ་ཡི་རྔམས་བརྗིད་མ་མཐོང་༎
ཤེས་མེད་ཚོར་མེད་ཀྱི་སྣང་བ་ཐན་ཐུན༎
སྐྱོ་སྣང་དགུ་བརྩེགས་ཀྱི་ཀློང་ནས་འཐོར་སོང་༎
རྩོམ་གསར། 10