གྱེས་བྲལ་སྙིང་ལ་གཟན།

འཛུམ་ཟེར།        2018-11-02

   ཀ

སྙིང་ཆུང་དམར་པོའི་ཉིན་སྲིབ་དབུས་ན།།

ལྷམ་མེར་གསལ་བའི་ཡིད་ཀྱི་ནོར་བུ།།

ལས་ཀྱི་བསྐོས་ཐང་བཙན་པོའི་དབང་གིས།།

ལེ་བར་ཁྲི་ཕྲག་ས་ཡིས་བཅད་སོང་།།


སེམས་པའི་གཞི་ལ་དམ་ཚིག་རི་མོ།།

ཅི་དགར་བྲིས་པ་བྲག་ལ་བརྐོས་འདྲ།།

བརྩེ་དུང་ལུང་བའི་ལས་མཐུན་འུ་གཉིས།།

བརྩེ་བའི་ཨ་ལོང་ཆུ་མིག་དགུ་བསྒྲིལ།།


སྐབས་རེར་གར་སོང་མིག་གིས་འཚོས་ཤིང་།།

མཚམས་རེར་ཡ་ཆུང་སེམས་ཀྱིས་འཚོས་པའི།།

སྙིང་སྡུག་ཁྱེད་དང་རིང་དུ་གྱེས་པས།།

སྙི་མོའི་སེམས་ལ་འགས་གཏོར་བྱས་སོང་།།


དྲན་པ་རྨ་ལུང་རིང་མོར་འདྲེས་ནས།།

ལ་ལུང་བརྒལ་ནས་ཁྱེད་སར་བཞུར་སོང་།།

སྐྱོ་བ་ཆུ་འཛིན་དཀར་པོའི་འདུ་ལོང་།།

ཡིད་ཀྱི་ནམ་མཁར་ཤུགས་ཀྱིས་ཁྱབ་སོང་།།


གཉོམ་པའི་མགོ་བོ་བྲང་ཁར་སྨད་དེ།།

བརྩེ་བའི་ཟུར་མིག་འགྲོ་ཞོར་འཕེན་པའི།།

མིག་ཆུའི་སྐྱེལ་བསུ་བྱེད་པའི་ང་རང་།།

བསམས་ན་ཡ་ཆུང་དྲན་པའི་བཟི་འམ།།


རྨི་ལམ་དམར་བོའི་འཇིག་རྟེན་ཞིག་ནས།།

ཞེ་འདང་འོ་མའི་བདུད་རྩི་རང་འཁྱིལ།།

ལྷད་མེད་བརྩེ་ལྡན་སྨན་ཆུང་ང་རང་།།

བསམས་ན་ཡ་ཆུང་དྲན་པའི་བཟི་འམ།།


སེམས་གཏམ་མ་བཤད་སེམས་པ་རང་མཐུན།།

མ་གྲོས་འདུན་མ་གཅིག་ལ་གཏད་པའི།།

ལས་དབང་རྐང་རྩེའི་མེ་ཏོག་མཉམ་བཞད།།

བག་ཆགས་བཙན་པོའི་བརྗེད་ཐབས་མ་བྱུང་།།

         ཁ

གླེང་ན་ཡ་ཆུང་སེམས་པའི་ན་ཟུག་ཅིག།

བསམས་ན་ཁྲ་ཆུང་མིག་གི་མཆི་མ་ཡིན།།

དྲན་ན་ལུས་སེམས་མནར་བའི་བྱེད་པོ་ལགས།།

ལོ་ཟླའི་ཀུ་རེའི་ཀློང་ནས་ཨ་ཐང་ཆད།།


འགྲོགས་ན་མི་ཁ་བཙན་པོའི་གཡང་གཟར་ཞིག།

བསྐྱུར་ན་བློ་ཡི་མི་ཐོངས་ནོར་བུ་བཞིན།།

ལུས་སེམས་ཕྱེད་ཀ་བརྐུས་པའི་ཁྱེད་ཉིད་ཀྱི།།

ང་རང་ཁེར་རྐྱང་སྐྱོ་བའི་གཞི་ལ་བསྐྱལ།།


བགྲང་བྱ་དུ་མའི་བརྩེ་བའི་འོད་ཞགས་དང་།།

སེམས་པ་སེམས་ལ་འདྲེས་པའི་ལོ་ཟླ་གཉིས།།

སྣང་བའི་མེ་ཏོག་འཁྲུངས་བའི་མཛེས་པ་སོགས།།

བསམ་ཞིང་བསམ་ན་གྱེས་བྲལ་སྙིང་ལ་གཟན།།


ཐེ་ཚོམ་འཕྱང་ཐག་མ་ཆོད་དྲྭ་རྒྱར་ཚུད།།

མ་བསམ་ཤུགས་ཀྱིས་དྲན་གདུང་སྨུག་སྤྲིན་འཐིབ།།

ཡིད་འཕྲོག་ཁྱེད་དང་འཕྲད་པའི་ཉིན་མོ་ནས།།

འདི་ལྟར་མངར་སྐྱུར་ཚོར་བའི་བྲོ་བ་མྱངས།།

  • ལེ་ཚན་སྔོན་མ།:བྱམས་བརྩེའི་བདག་མོ།
  • ལེ་ཚན་རྗེས་མ།:རི་གྲོང་གི་ཐོར་བྲིས།