ཚིག་གི་སྤྲོས་པ།

ཨ་ཡིག        2018-10-24

སྒེའུ་ཁང་དམར་པོར་ཆང་གི་ཟིལ་བ་ཆགས།།

ཁང་ཁྱིམ་གནམ་སར་འཇའ་ཡི་ཁ་དོག་བཀྲ།།

སྐྱོ་བཞིན་སྤྲོ་བཞིན་ཤེལ་དམ་སྟོང་པའི་ནང་།།

ལས་ཀྱི་མི་ཞིག་ཆང་གིས་དྲན་པར་བྱེད།།


རྟག་ཏུ་ཡིད་ལ་སིམ་པའི་གཞས་ཤིག་བཏང་།།

རྒྱུན་པར་ཡིད་ལ་བསྙལ་བའི་ཚིག་དེ་གློད།།

ནམ་ཡང་ཡན་པར་ཕངས་པའི་མི་ཞིག་དྲན།།

འོན་ཏང་ཆ་མེད་ཅིག་གིས་ཆང་ཕོར་འཕྲོག།


ཁོ་བོའི་སེམས་ལ་བློས་བསླངས་ཡོད་པས་ན།།

རང་བཞིན་དེ་ལ་སུ་ཡིས་བསྒྱུར་དུ་མེད།།

འཆི་བའི་ཁ་ཡིག་སྤྱན་གྱིས་མ་མཐོང་ན།།

དྲན་པའི་དྲན་པ་རི་རྒྱལ་ལྷུན་པོ་ཡིན།།


གྱང་ཁའི་རྩྭ་སྐྱ་ཆལ་ཆིལ་རྣམ་པར་མཆིས།།

གཡོ་བའི་རླུང་དེ་དལ་མེད་རྒྱུ་བར་བྱེད།།

སུ་ཡིས་མ་བསྐུལ་དངོས་པོའི་ངང་དུ་ཡོད།།

ང་ཡི་དྲན་པ་ལང་ཚོའི་རྦབ་ཆུ་ཡིན།།


མཚན་སྨག་ནམ་གུང་མི་ཚོགས་རྒྱུ་འགྲུལ་ཉུང་།།

རྡོག་སྒྲ་ཆུང་ཆུང་རྣ་བར་འཛེར་པའི་དུས།།

ཟླ་འོད་འོག་གི་ནས་ཆང་དམར་པོ་དང་།།

དྲན་པའི་མིག་ཆུ་སྡེབ་སྟེ་ཧུབ་འཐུང་བྱས།


འཁོར་བའི་རྩེད་མོ་ཡལ་བར་མ་བོར་ན།།

ཨ་ཐང་ཆད་པའི་འཚོ་བ་སྐྱེ་དགོས་རུང་།།

ཚེ་རབས་ལས་སྨོན་བལ་སྐུད་མ་ཆད་ན།།

ང་ཡི་འཇིག་རྟེན་ཁྱོད་ཀྱི་པང་དུ་ཡོད།།


ལན་རེར་ཁྲོམ་ཆེན་གསེབ་ཏུ་འཚོལ་བར་ན།།

སྐབས་རེར་སྙན་ངག་ཅིག་གིས་བརྗོད་པར་ན།།

ཁྱེད་ཀྱི་ཕྱི་ནང་དཀར་པོར་ཡང་ཡང་མཐོང་།།

དྲན་པའི་གཙང་པོར་དར་ལམ་ཆགས་པར་མེད།།


  • ལེ་ཚན་སྔོན་མ།:སྟོན་པ་སྟོན་པའི་ཁྲོད་ན་ཁྱད་དུ་འཕགས།
  • ལེ་ཚན་རྗེས་མ།:དུང་གི་ཟླ་བ་ཁྱེད་དྲན་ཚུལ།