ཡེ་ཤེས་རྡོ་རྗེ། 2018-10-24
བདེན་གྲུབ་ཟླ་ཤེལ་གཙང་མའི་སྒེའུ་སྟེགས་ལ།།
ཕྱོགས་ཞེན་ཡོལ་ནག་མཐུག་པོས་མ་སྒྲིབ་པར།།
དད་གསུམ་ཆུ་སྐྱེས་དཀར་པོའི་ཟེའུ་འབྲུའི་མདངས།།
ངག་རིགས་མཚོ་མོའི་རླབས་རྩེར་འཛུམ་གྱིས་འཕྱོ།།
ཐུགས་བསྐྱེད་དངུལ་དཀར་གཙང་མའི་མེ་ལོང་ལ།།
རང་འདོད་རྡུལ་ཆ་སྟུག་པོའི་སྒྲིབ་བྲལ་མགོན།།
སྐུ་བཞིའི་ཁོ་ལག་རྫོགས་པ་ཞིང་འདིའི་སྐྱབས།།
ལྷ་སྲས་དམ་པ་ཏོག་དཀར་ཨེ་མ་བསྟོད། །
དགེ་སྡིག་ཚགས་སུ་འདྲེན་པའི་ན་རཀ་ནས།།
གྲོགས་ཀྱི་སྡུག་བསྔལ་ཐུགས་ཀྱིས་མ་བཟོད་པར།།
ཉིད་ཀྱིས་ཁུར་དུ་བཞེས་པའི་བཟོད་སེམས་ཅན།།
བྱམས་ཆེན་པཀྵི་ཏ་ལ་ཕྱག་འཚལ་ལོ།།
གཟོད་ཀའི་ཡུལ་གྱི་བྲམ་ཟེ་ལོག་སྲེད་པས།།
གཙུག་གི་ནོར་བུ་མཚོན་གྱིས་བཅད་པའི་མོད།།
གསེར་མདོག་ཞལ་རིས་ཁྲག་ཏུ་བསྲེས་པའི་ཚེ།།
བདེ་གཤེགས་ཁྱེད་ལ་འོ་རྒྱལ་མ་བྱུང་ངམ།།
བལ་ཡུལ་ཚང་ཚིང་ལྗོན་པའི་གྲིབ་འོག་གི།
སྟག་མོ་བཀྲེས་པའི་སྡུག་བསྔལ་ཆེར་མཐོང་ནས།།
གཅེས་འཛིན་ལུས་ཀྱང་བཏང་བའི་སྙིང་ཁམས་ཅན།།
རྒྱལ་སྲས་དོན་ཀུན་གྲུབ་ཁྱེད་སྐྱབས་སུ་བསྙེན།།
ལུམྦིའི་ཚལ་དུ་ལང་ཚོའི་འཛུམ་དཀར་བཞད།།
འཁོར་བསྒྱུར་དབང་གི་ཆོ་ལོ་བསྙེས་ན་ཡང་།།
ནོག་ཆུང་འཁོར་བའི་རྙི་ལས་མ་ཟིན་པར།།
སེར་སྐྱའི་གྲོང་ནས་གཏན་བདེའི་རྔ་ཆུང་དཀྲོལ།།
ཇི་ལྟར་འཁོར་བསྒྱུར་མཚན་ལ་རེག་པས་ཀྱང་།།
དེ་ལྟར་འཁོར་བའི་གཤིས་ཁམས་གཏིང་ནས་དཀྲུགས།།
སྐྱེ་འཆིའི་སྙིང་ཁམས་གསོ་བའི་ཨ་ག་རུ།།
སྟོན་པ་བདེ་གཤེགས་སྐྱོབས་ལ་སོར་བཅུས་བཏུད།།
ནཻ་རཱན་ཛྙ་ཡི་ནགས་ཚུལ་མཛེས་པའི་ལྗོངས།།
ཏིང་འཛིན་འཚོ་བའི་སིལ་ཏོག་ཉམས་སུ་བཞེས།།
སྲིད་གཞི་གཉིས་སུ་མེད་པའི་འབྲུག་སྒྲ་ཞིག།
སྲིད་གསུམ་ཁམས་ལ་ལྷད་མེད་དལ་གྱིས་སྡུར།།
གཞན་ཕན་གསེར་གྱི་མཆོད་སྡོང་མཐོན་པོའི་རྩེར།།
མཚན་དཔེ་གདུགས་དཀར་ཡང་མོ་གྱེན་དུ་བཏེགས།།
བསླབ་གསུམ་བརྟུལ་ཞུགས་དངུལ་ཀྱི་གོ་ཆ་ལ།།
ཡང་དག་རྣམ་མཁྱེན་དབྱིག་གི་ཁྲ་ཚོམ་བཀོད།།
འཚེ་བ་ཆོས་སུ་སྨྲ་བ་མ་བཟོད་པར།།
ལོག་སྨྲའི་དུག་གི་ཁ་ཆུ་གཏོར་ན་ཡང་།།
ཚར་བཅད་རྗེས་འཛིན་བརྩེ་བའི་ལྟ་སྟངས་ཅན།།
སེམས་དཔའ་ལྷ་ཡི་ལྷ་དེར་ཕྱག་འཚལ་བསྟོད།།
བརྒལ་བརྟག་ཤེས་དཔལ་རལ་གྲིའི་སོ་ཁ་ལ།།
ལུང་རིགས་གནམ་ལྕགས་སྔོན་མོས་ངར་ཁ་བྱུགས།།
ལྷས་བྱིན་འཁོར་བཅས་སྐྱེངས་ཏེ་མགོ་བོ་སྨད།།
རྒྱལ་ཆེན་སྡེ་བཞིའི་གཟི་བརྗིད་མོག་པོར་བྱས།།
ནགས་མའི་དགའ་ཚལ་བྱ་རྒོད་ཕུང་པོ་སོགས།།
བདེན་བཞིའི་དབྱར་རྔ་ལྷང་ལྷང་བསྒྲོགས་པའི་ཚེ།།
དཔག་ཚད་བྱེ་བ་མང་པོའི་ཕར་ནང་གི།
འདྲ་མིན་སྐྱེ་བོའི་སེམས་ལ་བདེ་མཆོག་སྟེར།།
དེང་སང་གོ་ལའི་ཕྱོགས་བཞི་བར་མཚམས་སུ།།
ཚན་རིག་ཤེས་བྱའི་མཚོན་མདོག་བཀྲ་ན་ཡང་།།
འདི་ཕྱིའི་བདེ་ལེགས་དཀྲོག་པའི་འབོད་བརྡ་ཞིག།
སྙིགས་མཐའི་སྐྱ་རེངས་ངོགས་ན་ཁྱེད་ཀྱི་གསུང་།།
དངོས་རིག་པ་དང་སེམས་གཙོ་སྨྲ་བ་སོགས།།
མི་ཚེ་སྐྱོ་བའི་གར་སྟེགས་འདོད་ན་ཡང་།།
ལྟོས་སྒྲུབ་ཡུལ་གྱི་དགའ་བདེ་འཚོལ་བ་ལས།།
ཡུལ་གྱི་གཤིས་ལུགས་རིག་པས་གཞལ་བ་མེད།།
ཇི་ལྟར་ཁྱེད་ཀྱི་ལྟ་བར་དཔྱད་པ་ན། །
དེ་ལྟར་འཁོར་བའི་མཚང་ཆེན་རྟིང་ནས་རྡོལ།།
ཁྱེད་ཀྱི་དགོངས་པའི་གསེང་ལམ་རེ་རེ་ན།།
ལོག་རྟོག་ཐལ་མར་དབུག་པའི་ཤེས་དཔལ་རེ།།
དེ་སྐད་དད་གསུམ་དྲན་པའི་དོ་ར་ནས།།
བསྟོད་ཚིག་ངག་གི་རྒྱུད་དྲུག་དཀྲོལ་བ་འདི།།
རྒྱལ་བུ་སྙིང་སྟོབས་ཅན་གྱིས་གསན་ལགས་ན།།
འདྲེན་པའི་ལྕགས་ཀྱུ་བདག་ལ་རྐྱོངས་སུ་གསོལ།།
རྩོམ་གསར། 10