སྦྲ་ནག་པ། 2018-10-22
ང་ནི་དབྱར་གཞུང་ལ་དགའ་ཞིང་།
དབྱར་གཞུང་གི་མཚན་མོ་ལ་དེ་བས་ཀྱང་དགའ།
དབྱར་གཞུང་གི་མཚན་མོ་ནི་སྙན་ངག་ལ་དབང་བས།
ཆར་བ་ཤག་ཤག་ཏུ་འཇོ་བ་སྙན་ངག་གི་ཟབ་ཁྲུས་དང་།
འབྲུག་ཆུང་ལྡིར་ལྡིར་དུ་གྲགས་པ་སྙན་ངག་གི་འཁུན་སྒྲ་ཡིན།
སྐབས་སྐབས་སུ་གློག་དམར་འུར་འུར་དུ་འཁྱུག་པ་དེའང་།
སྙན་ངག་གི་རིག་ཀློང་བརྡོལ་བའི་ཚོར་ཤེས་དང་རྟོག་འགྱུ་ཞིག་རེད།
དབྱར་གཞུང་གི་མཚན་མོ་ནི་མི་ཡི་མཚན་མོ་ཡིན་ལ།
དབྱར་གཞུང་གི་མཚན་མོ་ནི་དྲི་ཟ་རྣམས་ཀྱི་མཚན་མོ་རེད།
ལྷིང་འཇགས་དང་རོལ་ཆ་འདྲེས་མའི་བསམ་གཞིག་གི་ཁ་དོག་ཁྲོད་ནས།
ཆགས་སྲེད་ཀྱི་མཆུ་ཏོ་ནག་པོ་མཛའ་མོའི་སྙིང་ག་རུ་སྦྱར་དུས།
ལྕེ་རྩེ་དམར་མོས་ནུ་ཏོག་ལ་འཕུར་མཉེད་གཏོང་བའི་སྒྱུ་རྩལ་དེའང་།
འུ་ཅག་ལ་འདོད་ལྷས་བསྩལ་བའི་དངོས་གྲུབ་ཅིག་ཅི་ལ་མིན།
ང་ནི་དབྱར་གཞུང་ལ་དགའ་ཞིང་།
དབྱར་གཞུང་གི་མཚན་མོ་ལ་དེ་བས་ཀྱང་དགའ།
དབྱར་གཞུང་གི་མཚན་མོ་ནི་བུད་མེད་ཀྱི་སྐྲ་ལོས་བསླས་པའི་མགོ་སྦྲ་ཞིག་ཡིན་ལ།
སྦྲ་ནག་གི་ཚོམས་ཆེན་དུ་བཤམ་པའི་བཟའ་བཏུང་དག་ནི།
ལྷ་ཡི་བདུད་རྩི་དང་། མི་ཡི་གཉེན་ཆང་། ད་དུང་་་ ་་
ཐ་སྙད་ཀྱིས་འཁྲོལ་དཀའ་ཞིང་སྨྲ་ལྕེ་ཡིས་བརྗོད་མི་གཏུབ་པ་མཐའ་དག
སྟོང་ཉིད་འོད་གསལ་གྱི་སྒྲུབ་ཕུག་ཅིག་ཏུ་འཚང་རྒྱ་ཞིང་གྲོལ་བ་ཐོབ་སྟེ།
སྙན་ངག་གི་ཐེག་པ་ཆེན་པོའི་གོ་འཕང་ལས་ཕྱིར་མི་ལྡོག་པར་གྱུར་ཅིག
རྩོམ་གསར། 10