རྩམ་པ། 2018-10-22
ལུ་གུ་མེ་ཏོག་ལྷན་དུ་ཁྱོད་ཉིད་འཚར།།
ཨ་མའི་བྱམས་སྐྱོང་འོག་ནས་ཁྱེད་ཉིད་སོན།།
སྤྲིན་དཀར་འདབ་མ་ལྟར་དུ་ཁྱོད་ཉིད་གྲོལ།།
དབྱར་དུས་སྦྲང་ཆར་ལྷན་དུ་ཁྱོད་ཉིད་འབབ།།
མཛེས་སྡུག་པདྨོའི་ཐོག་ཏུ་ཁྱོད་ཉིད་འཛུམ།།
བདག་གི་དྲན་པའི་གཏིང་ནས་ཁྱོད་ཉིད་རྩེན།།
ཁྱོད་ཉིད་ཟེར་བ་འཇིག་རྟེན་ཉི་ཟླ་ཡིན།།
ང་ཡི་སེམས་ལ་དཀར་ཞིང་འོད་དུ་འཚེར།།
ཁྱོད་ཉིད་ཟེར་བ་ཁོ་བོའི་སྙན་ངག་ཡིན།།
བདག་གི་ཚོར་འདུ་ཡོད་ཚད་ཁྱོད་ལ་འཐིམ།།
ད་ནི་ཁོ་བོས་མང་པོ་མི་བཤད་དེ།།
བརྩེ་བའི་འཛུམ་ཀོང་མ་བོར་བརྟན་པར་ཤོག།
དུང་བའི་སོ་ཕྲེང་མ་ཡལ་མངོན་པར་ཤོག།
མདོར་ན་ཁྱོད་ཉིད་སྐྱིད་ཀྱིས་འཚོ་བར་ཤོག།
རྩོམ་གསར། 10