ལྷ་མོར་ཕུལ་བའི་ཆགས་པ།

སྒྲོག་གུ།        2018-10-22

དྭངས་གཙང་སེམས་ཀྱི་ཤོག་བུ་ངོས།།

བུ་མོ་གཅིག་གི་སྤྱན་གཉིས་བྲིས།།

འཇམ་མཉེན་ཕྱག་ཟུང་བརྐྱངས་བ་ཡི།།

གཅེར་བུར་འཆང་བའི་ལྷ་མོ་དེའི།།

རྨ་བྱའི་སྒྲོ་གཤོག་བཀྲ་བ་ཡི།།

པད་མ་འཛིན་པའི་མཆུ་སྒྲོས་རྩེར།།

ཆང་ལས་ཕབས་པའི་བདུད་རྩི་འཕྱུར།།

ཡོངས་སུ་དགའ་བའི་མྱོས་བུམ་ཞབས།།

འདོད་ཡོན་སྤྱོད་པའི་མི་ཞིག་སྒུགས།།

བསིལ་རླུང་རྒྱུ་བའི་སྐྲ་ལོའི་ངོགས།།

རེག་པ་ཙམ་གྱིས་སངས་བ་ཡི།།

ནད་ངན་བཞི་བརྒྱ་རྩ་བཞིའི་རྡུལ།།

ཞབས་ཀྱི་པད་མོ་ལས་འཁྲུངས་བཞིན།།

ད་གཟོད་ཞི་དུལ་ཡི་གར་འོང་།།

ཚངས་ལྷ་བརྒྱ་བྱིན་མན་ཆད་དང་།།

ཐེའུ་རང་དམ་སྲི་ཡན་ཆད་ཀྱི།།

ཞལ་གྱི་པད་མོའི་མདངས་ལ་ནི།།

ཆགས་དང་སྲེད་ཀྱི་སྨ་ར་འཁྱིལ།།

བུ་མོ་དེ་ནི་ཁམས་གསུམ་ཞིང་།།

དམྱལ་བ་ཡི་དྭགས་གྲོང་ཁྱེར་དུ།།

ལུས་ལས་ཐུལ་བའི་དྲི་ཞིམ་གྱིས།།

སྐལ་པའི་གདུང་བ་ཕྱེད་ཅིག་བཅོམ།།


  • ལེ་ཚན་སྔོན་མ།:འཚོ་བའི་སྐར་ཚོམ།
  • ལེ་ཚན་རྗེས་མ།:སྙིང་གི་སྐྱེས་ཆུང་།