ཟུར་ཡེ་ཤེས་རྡོ་རྗེ། 2018-10-22
འཚོ་བའི་མཐོ་ཚད།
ལམ་འདི་ཁ་བས་མནན་པས་ཡག།
མདུན་འདི་དཀར་པོ་ཡིན་པས་མཛེས།།
གཞིས་འདིར་གཡང་ཞག་འཁྱིལ་བས་སྤྲོ།།
མཚན་སྨག་སྟུག་པོའི་ར་བ་ནས།།
པྲ་སྒྲོན་འདི་ཡང་གསལ་བ་ལ།།
སྐད་འདི་སྙན་ཆ་ཆེ་བས་བཟང་།།
ལག་འདི་བདེ་མྱུར་འཛོམས་པས་སྐྱིད།།
ངག་འདི་སྨྲ་བ་ཉུང་བས་ཡག།
དུས་ཚིགས་སྟོན་ཁའི་ཟླ་ངོ་ལ།།
སྟག་ལོ་དེ་ཡང་མཛེས་པ་ལ།།
ལུས་འདི་གཟུགས་བྱད་ཡག་པས་མཚར།།
སེམས་འདི་འདུ་འཕྲོ་གཙང་བས་དགེ།།
ལས་འདི་བསོད་ནམས་བསགས་པས་ཡག།
དགུན་ཁའི་ལྷགས་ངར་དྲག་ན་ཡང་།།
ནགས་ཚལ་གཡུ་ལོ་སྔོ་བ་ལ།།
སྙན་ངག་ལུད་པ།
སྟོན་ལོ་རླུང་གིས་སྤུར་བ་ལ།།
སྙན་ངག་ཆུ་བོའི་རྒྱུན་བཞིན་བབ།།
དགུན་ཁའི་ཁ་བའི་འདབ་མ་ཡང་།།
སྙན་ངག་མ་གཏོགས་གཞན་དུ་ཅི།།
ཁྱོད་ཀྱི་རྒྱབ་གཟུགས་གཅིག་པུ་ལ།།
སྙན་ངག་ཤོག་ལྷེ་གཅིག་བརྒྱ་འཁྲུངས།།
འཚོ་བ་ཐད་བརྗོད།
ཇ་དང་འོ་མ་ཞོ་དང་མར།།
གླུ་ཡིག་ཁྲ་བོའི་ཀློང་ན་བསྟིམས།།
གླང་དམར་ཁུ་ནག་ལྦུ་བ་སིབ།།
དུག་རྫས་ཀློང་ནས་ཤ་ར་ར།།
ལུས་ཀྱི་ཕྱི་གོས་དུས་ཀྱིས་བརྒྱན།།
དེ་ལ་དྲྭ་རྒྱས་པ་ཏྲ་བརྒྱན།།
རྣམ་ཤེས་ཁུག་ན་ཉལ་བ་ཡི།།
འཚོ་བའི་ཁ་དོག་སྐྱུར་བ་ལ།།
བདག་གི་ཁྱིམ་ན་དཀར་འོད་དཀྲིགས།།
བདག་གི་མིག་ལམ་འཇའ་རིས་འཁྱུག།
ཞག་དང་ལོ་ཟླས་བསླས་པ་ཡི།།
ཨ་མའི་སྐྲ་ལོ་སྙིང་དུ་སྡུག།
སྒྲ་སྙན་དཀྲོལ་བ།
རྒྱུད་མང་རེ་རེ་ནི་སྙན་ངག་རེ་རེ་ཡིན།།
རྡེག་གནོན་རེ་རེ་ནི་དམིགས་འདུན་ཚོམ་རེ་ཡིན།།
དབྱངས་རྟ་རེ་རེ་ནི་ཚོར་རླབས་རེ་རེ་ཡིན།།
དཀྲོལ་ལེན་རེ་རེ་ནི་སྙིང་གི་སྤྲིས་མ་ཡིན།།
དབྱངས་ཀྱི་རམ་འདེགས་བླ་ན་མཐོ།།
ངག་གི་སྡོང་གྲོགས་ཁྱད་དུ་འཕགས།།
མཐེབ་རྩལ་སྐྱེན་པོའི་བང་ཁ་ན།།
ཚངས་དབྱངས་ལྷ་མོ་ཐ་ལ་ལ།།
བྲིས་གཟུགས།
ལྷ་ཁང་རྙིང་རལ་ལ་ཞལ་བ་བྱས་ཙམ་ཡིན།།
ཐུ་མིའི་ཞབས་རྗེས་ལ་གསེར་ཕྲ་བླུགས་ཙམ་ཡིན།།
བོད་པའི་བླ་སྲོག་ལ་ཟུངས་ཁྲག་སྣོན་ཙམ་ཡིན།།
ཙམ་སྒྲ་རེ་རེ་ལ་འབུར་རིས་རེ་རེ་ཡོད།།
བདག་ནི་ཐུ་མིའི་ཕོ་ཉ་སྟེ།།
དབྱངས་གསལ་ཀློང་གི་སྙུ་གུ་ཡིན།།
ཡི་གེའི་གཟུགས་བརྙན་གསལ་བོ་ཡིས།།
ཨ་མ་རྒན་མོའི་མཛུབ་རིས་ཀློག།
རྩོམ་གསར། 10