འཁོན་སྲས་རྣོ། 2018-10-29
བཀྲ་ཤིས་ཤིས་པའི་མེ་ཏོག་ཆར་འབེབས་པའི།།
བདེ་ལེགས་ལེགས་བཤད་སྨྲ་བའི་མ་མ་སྟེ།།
སངས་རྒྱས་སྟོང་གི་སེམས་ཀྱི་མཛའ་ན་མོ།།
ཚངས་བའི་སྲས་མོ་གང་དེས་རྗེས་བཟུང་མཛོད།།
དཀར་གསལ་ཟླ་བ་གཞོན་ནུའི་ལང་ཚོ་དེ།།
མི་འདོད་སྤྲིན་པའི་ཡོལ་བས་སྒྲིབ་ན་ཡང་།།
མཛད་ཕྲིན་འགགས་མེད་རྟ་བདུན་དབང་བོའི་ཟེར།།
གླིང་བཞིའི་སྐྱེ་རྒུའི་མགོན་དུ་རྟག་པར་འཛུམ།།
སྙིགས་དུས་བསྟན་པའི་སྒྲོན་མེ་གསལ་མཛད་པའི།།
བྱང་སེམས་མི་རུ་སྤྲུལ་བའི་སེམས་དཔའ་གང་།།
ཆོས་ཀྱི་ཞིང་ལས་ཁ་བ་ཅན་པ་རུ།།
མཚན་དཔེའི་མེ་ཏོག་བཞད་པའི་སྐལ་བཟང་དྲན།།
སྲིད་ན་མངོན་པར་མཐོ་བའི་ཆོས་ཀྱི་ལྗོངས།།
ཡ་ཆེན་ཨྱོན་བསམ་གཏན་གླིང་ག་གཙོའི།།
ཆོལ་གསུམ་ཡུལ་གྲུ་སོ་སོའི་དད་ལྡན་ཚོར།།
དགེ་བའི་ས་བོན་འདེབས་ཁྱེད་དྲན་པར་འོས།།
ལས་སྨོན་མེ་ཏོག་དགུན་གསུམ་ཁ་བས་མནན།།
ཁྱེད་ཞལ་དངོས་སུ་མཇལ་བའི་སྐབས་མ་མཆིས།།
འོན་ཀྱང་མདོ་སྔགས་དགོངས་པ་མཐར་ཐུག་པ།།
སྐལ་ལྡན་སྐྱེས་སུ་ཕུལ་གང་དངོས་སུ་མཇལ།།
སྙིགས་དུས་འགྲོ་ལས་སོ་སྐྱེས་ཐ་མལ་བ།།
བདག་འདྲའི་རིགས་ལ་དག་སྣང་ཆུང་མོད་ཀྱང་།།
དམ་པ་ཁྱོད་ཀྱི་རྣམ་པར་ཐར་བ་ལ།།
དད་པའི་བ་སྤུ་འགུལ་བ་ཐེངས་གཅིག་མིན།།
ལུང་རྟོགས་གཉིས་ལས་རྟོགས་པའི་བསྟན་པ་གང་།།
རྒྱ་ཆེར་རྩར་འདོན་གནང་བའི་ངུར་སྨིག་འཛིན།།
ཕྱོགས་ལྷུང་ལྟ་བའི་རྒྱ་ལས་ཉེར་གྲོལ་བའི།།
དམ་པ་རྣམ་ཐར་སྐྱོང་ལ་སུ་ཡང་གུས།།
ལོག་སྨྲའི་གཡུལ་ལས་རྣམ་རྒྱལ་རྒྱལ་བའི་སྲས།།
ལུགས་གཉིས་ལམ་བཟང་སྟོན་མཁས་སྟོན་པ་ཁྱོད།།
ཐུབ་པའི་བསྟན་པའི་སྒྲོན་མེ་བགར་བ་ལ།།
བློ་གྲོས་ཕྱོགས་མཐར་རྒྱས་པའི་སེམས་དཔའ་དངོས།།
སྙིགས་མའི་འགྲོ་ཡི་བསོད་ནམས་ཟད་དྲགས་པས།།
རྗེ་ཡིས་མི་རྟག་སྟོན་བཞིན་ཞིང་ལ་བྱོན།།
འོན་ཀྱང་དྭ་ཕྲུག་སྟོང་གི་མགོན་པོ་རུ།།
ཁྱེད་སྐུ་ཉི་མ་གཞོན་ནུ་མྱུར་མཇལ་ཤོག།
རྩོམ་གསར། 10