སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ།

རྔ་འོད།        2018-09-21

རིག་གཞུང་རྒྱ་མཚོའི་གཏིང་མཐའི་འོག་རོལ་ནས།།

སློབ་བུའི་རྣམ་དཔྱོད་འཁྱུལ་རྩལ་ཕྱོགས་ཀུན་འཐིམ།།

སི་བོད་ཁྱིམ་གཞིའི་སྤྲོ་སྐྱིད་ཚད་མེད་དེ།།

སྔོན་བསགས་ལས་ཀྱི་ཐོབ་པའི་བསོད་ནམས་ཡིན།།


ཀུན་སྤྱོད་གཙང་བས་མཐའ་འཁོབ་མི་རྣམས་བཀུག།

ཧུར་བརྩོན་ཆེ་བས་ཆུ་རྒྱུན་བཞིན་དུ་བཞུར།།

འཁོར་ཡུག་གཙང་བས་ལྷ་ཡུལ་ཁམས་དང་མཉམ།།

སི་བོད་སློབ་རའི་ཁྱད་ཆོས་ཨེ་མ་རྨད།།


ཆུ་ཕྲན་མང་དུ་འདུས་པའི་རྒྱ་མཚོ་བཞིན།།

བཤེས་གཉེན་རྣམས་པ་སི་བོད་གླིང་ནས་འཛོམས།།

རིག་པའི་མྱུར་རྩལ་གློག་ཞགས་འཁྱུག་པ་བཞིན།།

སྲིད་པ་ཀུན་གྱི་མུན་པ་སེལ་བར་མཛད།།


སྤྱི་ཚོགས་འུར་འུར་ཟིང་ཟིང་ཁྲོད་ཀྱི་མི།།

འདྲེས་སྐད་སྣ་མང་སྤྱད་ནས་ལས་གནས་འཚོ།།

ནད་ལ་འདི་ཡི་ན་ཚ་ཐམས་ཅད་ལ།།

སི་བོད་གླིང་ནས་སྨན་རྫས་རིན་ཆེན་སྤྲད།།


དུས་ཀྱི་སྤྱོད་ཚུལ་འདྲ་མིན་སྣ་ཚོགས་ཀྱང་།།

ནག་ནོག་མེད་པའི་སྲོལ་རྒྱུན་གཙང་མ་སྟེ།།

སི་བོད་སློབ་གྲྭའི་རྒྱུན་འཛིན་དར་སྤེལ་གཏོང་།།

བོད་ཕྲུག་ཤ་སྟག་འདི་ནས་ནར་སོན་ཡོང་།།


ལྷ་ལམ་སྐར་ཚོགས་བཞད་པའི་སློབ་བུ་རྣམས།།

འཛམ་གླིང་ཡིག་རིགས་སྣ་མང་རྡུལ་བཞིན་སྦྱངས།།

མི་རིགས་རང་གི་སྐད་ཡིག་སྙིང་དམར་འདིར།།

སྲོག་ལ་བབས་ཀྱང་དགའ་ཞེན་ལྷག་ཏུ་འབར།།


ཇ་དང་འོ་མ་འདྲེས་པའི་བརྩེ་དུངས་དེ།།

རླུང་ནག་འཚུབ་མའི་ང་རོ་འཕུར་ལྡིང་ཡང་།།

ལྷུན་པོ་བརྟན་པའི་སི་བོད་སློབ་གླིང་གི།

དགེ་སློབ་འབྲེལ་བ་གསེར་ཐག་ཨ་ལོང་མཐུད།།


དབེན་གནས་མཉམ་པའི་སློབ་སྦྱོང་འཁོར་ཡུག་མཆིས།།

བླང་དོར་འབྱེད་པའི་ཚོར་བ་རྣོ་གྲི་ཡིས།།

སི་བོད་གླིང་ནས་གནའ་དེང་ཐ་སྙད་ཟས།།

སྙན་ངག་ལང་ཚོའི་གཤོག་རྩལ་དགུང་དུ་འཕུར།།


སི་བོད་གླིང་ནས་སློབ་བུ་གང་མང་བྱོན།།

སྤྱི་ཚོགས་ཁྲོད་ཀྱི་གདེང་འཇོག་ལྷ་བཞིན་བཀུར།།

བདེན་པའི་ལམ་བཟང་འཚོལ་བའི་གཤིས་རྒྱུད་དེ།།

ཁྱེད་ཀྱི་བཀའ་དྲིན་རྟག་ཏུ་མཛད་མཐའ་མེད།།


དེང་གི་ཚན་རིག་འཕེལ་རྒྱས་སྐད་ཅིག་མ།།

ཡིག་རིགས་སྣ་ཚོགས་གསར་མཛད་སླེབས་ཀྱང་རུང་།།

སི་བོད་འཁྱིལ་བའི་བཀའ་འགྱུར་བསྟན་བཅོས་སོགས།།

འགྲན་པའི་གོ་སྐབས་སྲིད་པ་འཇིག་པར་མེད།།


སྐྱིད་པའི་གཞས་ཚིག་འཁོར་ཡུག་འདི་ལ་མཆོད།།

སྙན་ངག་དད་པའི་སྐྱེས་བུ་འདི་ནས་འཁྲུངས།།

སྐྱེས་བ་ཕྱི་མ་མི་ལུས་ཐོབ་འགྱུར་ན།།

སི་བོད་ཚང་གི་སློབ་བུ་འགྱུར་བར་སྨོན།།


  • ལེ་ཚན་སྔོན་མ།:བསྔོ་སྨོན།
  • ལེ་ཚན་རྗེས་མ།:​ཚོར་བྲིས་ཁག་བཅུ།