ཁ་བ་སྙན་གྲགས། 2018-09-21
རབ་འབྱམས་ཆོས་ཀུན་མཁྱེན་པའི་འཇམ་དཔལ་དངོས།།
རྨད་བྱུང་གསང་བའི་རྒྱ་མཚོའི་གཏིང་རིམ་དུ།།
ཇི་སྙེད་གནས་ལུགས་བློ་ཡིས་མཁྱེན་གཟིགས་པ།།
ཨ་འབུམ་དམ་ཆོས་མཆོག་ལ་གུས་པས་འདུད།།
བློ་དང་རིག་པ་དམན་ཞིང་རང་གཤིས་ངན།།
བཟང་པོའི་ལས་ཤིག་མ་མཆིས་སྙོམ་ལས་ང་།།
སྙན་པའི་སྐད་ཆ་ཉུང་ཞིང་ཚིག་རྩུབ་མང་།།
གྲགས་པའི་དུས་ཤིག་ནམ་ཡང་ཡོད་མ་ཡིན།།
ཚེ་དང་བསོད་ནམས་བཟང་པོས་སྐལ་བ་ཡིས།།
རིང་པོའི་ལོ་དང་ཟླ་བས་གོམས་འགྲོས་ཀྱིས།།
བསམ་པའི་དཔལ་ཡོན་དང་ནི་ཕུགས་བསམ་དག །
འགྲུབ་པའི་ལམ་ཞིག་ལོས་ཡོད་གྲོགས་ཀྱི་མཆོག །
དབང་དང་འཇོན་པོའི་གྲགས་པ་ཆུང་ན་ཡང་།།
གྲགས་པའི་ལས་ལ་བརྩོན་པ་མ་ཆད་ན།།
རྡོ་ལ་རི་མོ་བརྐོས་འདྲའི་མཚན་སྙན་ཞིག །
རྗེས་ཤུལ་ནམ་ཡང་ཡལ་མེད་འཆར་བ་ལགས།།
མི་གཞི་བཟང་ཞིང་གཞུང་རྒྱུད་མདའ་ལྟར་དྲང་།།
གྲོགས་པོའི་མཛའ་བརྩེ་སྲུང་ཞིང་ཀུན་དང་འཕྲོད།།
མི་གཞིའི་ཀུན་སྤྱོད་ནམ་ཡང་མ་འདོར་ལགས།།
རིན་ཆེན་ནོར་བུ་འཐོབ་དང་མཚུངས་པར་ཤོག།
བསྟན་པའི་སྐྱེས་བུ་འཛིན་མཁན་གྲོགས་བཟང་ཉིད།།
པ་ཏྲའི་རི་མོ་བསྣོལ་འདྲའི་བརྩེ་བ་ཅན།།
ཆོས་དང་རིག་གཞུང་དག་ལ་སྦྱོང་བས་འབད།།
འཕེལ་བའི་རིགས་ལ་བརྩོན་ཞིག་ཕ་བཟང་བུ།།
བློ་དང་རིག་པ་གྲུང་ཞིང་འབྲེལ་འདྲིས་ཆེ།།
བཟང་པོའི་ལས་ལས་ལ་བརྩོན་ཞིང་གཞན་ཕན་ལྡན།།
བཀྲ་བཀྲ་རིག་པའི་གནས་ལ་བརྩོན་འགྲུས་ལྡན།།
ཤིས་སྨོན་བཟང་པོའི་ཁ་གཡང་ཁྱེད་ལ་ཕུལ།།
ཁྱེད་སྐུ་མཛེས་པས་ཚིགས་དྲུག་སྨྱུག་མ་དང་།།
ཁྱེད་ངག་སྙན་པས་དཔྱིད་ཀྱི་ཕོ་ཉའི་ངག །
ཁྱེད་ཐུགས་དཀར་བས་གངས་ཀྱི་མཆོད་རྟེན་ལ།།
བཟང་གསུམ་ལྡན་པས་ང་ཁྱེད་ལ་དགའ་འོ།།
འཇོན་ནུས་ལྡན་ཞིང་ལྷག་བསམ་དཀར་པོ་ཅན།།
གྲོགས་ལ་བརྩི་ཞིང་གུས་ཞབས་ལྷག་ཏུ་ལྡན།།
མངོན་ལྐོག་མེད་པའི་གྲོགས་ཀྱི་བརྩེ་བ་ཅན།།
ལི་ཐང་བསྟན་པ་མི་ཚེའི་གྲོགས་གཅེས་ཡིན། །
ཡིད་འོང་མཛེས་ལྡན་མེ་ཏོག་པད་མ་ལྟར།།
ལུས་ཕྲ་གཟུགས་མཛེས་ལྡེམ་མྱུར་གར་མཁན་ཁྱེད།།
སྨན་ཤར་སྟོང་གི་འགྲན་ཡ་ཚངས་སྲས་མ།།
སྙིང་ལ་བབས་ཤིང་ཡིད་འཕྲོག་སྙིང་སྡུག་ཡིན།།
རྩོམ་གསར། 10