བསྔོ་སྨོན།

གངས་ཆབ་སྔོན་མོ།        2018-09-21

སེམས་ཅན་ཐམས་ཅད་ཤེས་ཉོན་ལས་དགྲོལ་སླད།

དུས་རྟག་པར།

དགེ་རྒན་ལ་གུས་པར་བྱའོ།།

བསླབ་པ་ལ་བརྩོན་པར་བྱའོ།།

རང་ཉིད་ལ་ཡིད་ཆེས་པར་བྱའོ།།


སེམས་ཅན་ཐམས་ཅད་ཀྱི་བློ་སངས་པར་གྱུར་ཅིག

བློ་སངས་པར་མ་གྱུར་ན།

མི་དང་མི་ཡི་བར་ནས།

རི་སྡེ་དང་ཁྱིམ་ཚང་བར་ནས།

ནོར་སྲེད་ཀྱི་ཁྲོ་ཆུ་ལྷོག་ལྷོག་ཏུ་འཕྱུར་ཏེ།

བང་མཛོད་ལྟ་བུའི་མི་ཡུལ་འདི།

ཁ་དོག་འཛོལ་བའི་བུམ་སྟོང་ཞིག་ཏུ་བསྒྱུར་ངེས།


སེམས་ཅན་ཐམས་ཅད་ཀྱི་བློ་དགེ་བར་གྱུར་ཅིག

དགེ་བར་མ་འབད་ཚེ།

ཆོས་དང་འཇིག་རྟེན་གྱི་བར་ནས།

ཕ་མ་དང་བུ་ཕྲུག་བར་ནས།

ལོ་དང་ཟླ་བའི་བར་ནས།

བསླུ་བྲིད་ཀྱི་མེ་ལྕེ་ལྷབ་ལྷབ་ཏུ་འབར་ཏེ།

མི་ཡུལ་གྱི་བརྩེ་བ་ནི།

དབྱངས་མེད་པའི་ཡིག་འབྲུ་ཞིག་ཏུ་འགྱུར་ངེས།


སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་དགྲོལ་སླད།

དུས་རྟག་པར།

གཙང་སྦྲ་རུ་འཇུག་པར་བྱའོ།།

ཁ་ཟས་ལ་གཟབ་པར་བྱའོ།།

དགེ་བསྒྲུབ་ལ་གོམས་པར་བྱའོ།།


  • ལེ་ཚན་སྔོན་མ།:མི་རེ་འགའ།
  • ལེ་ཚན་རྗེས་མ།:སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ།