གཙང་དཔལ་ལྡན་སྲད་རྒྱུད་དགའ་ལྡན་ཕོ་བྲང་དགོན་ལ་བསྔགས་པ་ཡིད་འོང་མེ་ཏོག་ཆུན་པོའི་སྙན་ཚིག་དྲི་ཞིམ་ཅན་ཞེས་བྱ་བ་བཞུགས་སོ།

སྲད་འདབ་གསར།        2018-09-04

གང་འཆད་གསུང་ལ་འཁྲུལ་མེད་ཟས་གཙང་གི་སྲས་པོ།།

འགྲོ་དྲུག་མ་ལྟར་བརྩེ་བའི་སྤྱན་རས་གཟིགས་མཁྱེན་ནོ།།

ཉོན་རྨོངས་དགྲ་བཞིན་འཇོམས་མཁན་མཐུ་ཆེན་གྱི་ཕྱག་རྡོར།།

འདས་མ་ད་གསུམ་སྤྱི་བོའི་རྩེ་གཙུག་ནས་མཆོད་དོ།།

 

ཚིག་གིས་ཡི་དྭགས་ཁུགས་པའི་ས་པཎ་གྱི་དངོས་གྲུབ།།

དོན་གྱིས་འཆི་མ་འཆོར་བྱེད་བོ་དོང་པའི་བྱིན་རླབས།།

ཆིག་དོན་གཉིས་ཀར་བྱང་བའི་ཙོང་ཁ་པའི་མན་ངག །

ལན་གཅིག་བདག་ལ་བསྩལ་རོགས་རྩོམ་ཞེན་གྱི་བུ་ལ།།

 

ཐམ་ཐོམ་མཚོ་ཁར་འཁྱམས་པའི་སྨྱུག་ཐོགས་པ་འདབ་གསར།།

ལས་དབང་རླུང་བུ་ཞིག་གིས་གྲུ་གཟིངས་ལ་བཞོན་ནས།།

སྲད་རྒྱུད་དགོན་པ་ཟེར་བའི་དབེན་གནས་ཀྱི་ཞིང་ལ།།

བསྟོད་ཚིག་མེ་ཏོག་ཆུན་པོ་གཏོར་བ་ལ་སྤྲོ་སོང་།།

 

ད་ནས་ཡར་རྩིས་མི་ལོ་ལྔ་བརྒྱ་ཡི་བླ་ན།།

འཇམ་མགོན་བླ་མ་ཙོང་ཁའི་གསང་སྔགས་ཀྱི་རྒྱུད་འཛིན།།

རྗེ་བཙུན་ཤེས་རབ་བྱང་སེམས་འདུལ་ནག་པ་གཉིས་ཀྱིས།།

རྔུལ་ཆུའི་རྩལ་ལས་དགོན་དེ་ཐོག་མར་དུ་ཕྱག་བཏབ།།

 

དྲིལ་བུ་ཁ་སྦུབས་འདྲ་ལེའི་ས་འཛིན་གྱི་ཕང་བར།།

གསེར་འོད་ཆེམ་ཆེམ་འཕྲོ་བའི་མཛེས་སྡུག་གི་རྒྱ་ཕིབས།།

དམར་མདངས་ཤཱཀྱའི་སྐུ་མདོག་བརྗིད་ཆགས་ཀྱི་དགོན་པ།།

གནས་བཟང་སྲད་རྒྱུད་དགའ་ལྡན་ཡིད་འོང་གི་ཕོ་བྲང་།།

 

སྔོན་ཚེ་འབྱོར་ཁྱིམ་གདོང་དཀར་ས་རགས་ཀྱི་འབྲོག་རྭ།།

ཕྱིས་སུ་ཆོས་དབྱངས་སྙན་པ་ངུར་སྨྲིག་པའི་ཕ་ས།།

འཇམ་ཐིང་རི་ཁྲོད་ཅིག་ན་འགྱིང་ཉམས་ཀྱིས་བརྟས་པའི།།

སྲད་རྒྱུད་དགའ་ལྡན་ཕོ་བྲང་ཨེ་མ་ཧོ་ཨེ་མ།།

 

མ་ཎི་ཡིག་དྲུག་དབྱངས་རྟ་ལྷང་ལྷང་དུ་ཐོས་ཤིང་།།

དྲི་ལྡན་ལྷ་བསང་སྣ་ལ་བསང་བསང་དུ་ཐུལ་དུས།།

གསེར་སྦྲང་བུང་བ་ཞིམ་མངར་སྦྲང་རྩི་ལ་འཁོར་འཁོར།།

དད་ལྡན་མང་ཚོགས་རྣམས་ཀྱང་ཆོས་མཇལ་ལ་སྤྲོ་འོ།།

ཕྱི་ནས་བལྟས་ན་ཚད་མའི་སྐྱེས་བུ་ཡི་ཕོ་བྲང་།།

ནང་དུ་རེག་ན་འོག་མིན་ཆོས་འཁྲིད་ཀྱི་ཞིང་མཆོག །

ཕྱི་ནང་བཀོད་པ་ལེགས་པའི་རྨད་བྱུང་གི་དགོན་སྡེ།།

ཁྱེད་ལ་བསྟོད་པའི་མཐེ་བོང་མི་ཀེར་བ་སུ་བདོག །

 

རིག་གསར་མདའ་གྲི་མདུང་གི་རྣོ་ངར་གྱི་རྩེ་མོ།།

སྲད་རྒྱུད་དགོན་གྱི་སྙིང་ལ་ན་ཟུག་རེ་ཆེ་ཡང་།།

ལས་ཀྱི་དམ་ཚིག་ཅིག་གིས་ལྷ་རྗེ་དེ་ཕེབས་ནས།།

གོག་ཧྲུག་དགོན་ལ་ལང་ཚོའི་ཁོ་ལག་ཅིག་རྒྱས་སོང་།།

 

བློ་རིག་གེ་སར་མདའ་མོའི་རྩེ་མོ་ལས་རྣོ་ཞིང་།།

ཐབས་ཇུས་སྐར་མའི་རྡར་ལ་ཡང་ཡང་དུ་བརྡར་ནས།།

ཐབས་ཤེས་ཟུང་དུ་འབྲེལ་བའི་རྣོ་ངར་ལས་འཁྲུངས་པའི།།

ནད་རིམ་ཚལ་བརྒྱར་གཏོར་མཁན་དམར་ཆེན་གྱི་རིལ་བུ།།

 

མ་རིག་མུན་པས་སྒྲིབ་པའི་དྲི་ངན་གྱི་ལྗན་ལྗིན།།

མ་ལུས་གཙང་མར་དག་བྱེད་ལྷ་མོ་ཡི་བདུད་རྩི།།

ཉོན་རྨོངས་གཉིད་ཀྱིས་བཟི་མཁན་སྒྲ་འཛིན་གྱི་བུ་གར།།

ཡང་ཡང་ཅོང་གིས་སྐུལ་མཁན་ལོ་གྱོན་མའི་སྒྲུབ་ཆུ།།

 

ཧང་སངས་ངོ་མཚར་ཆེ་བ་སྟོང་སྐུ་ཡི་ལྷ་ཁང་།།

མཆོད་མེའི་འོད་མདངས་འཚེར་བ་བྱིན་རླབས་ཀྱི་ལྷ་ཁང་།།

སྤོས་ཀྱི་དྲི་ངད་ལྡང་བའི་དགེ་འདུན་པའི་གྲྭ་ཤག །

ཨེ་མ་སུམ་རྩེན་ཟེར་བ་འདི་ལས་ལྷག་མི་འདུག །

 

སྐྱབས་སུ་ཆེ་བའི་རྟེན་གཙོ་ཤཱ་ཀྱ་ཡི་མུ་ནེས།།

བྱམས་རྩེའི་གཟི་མདངས་འཕྱུར་བཞིན་དྲོད་ཁོལ་གྱི་སྤྱན་ཟུང་།།

དད་པའི་སྤུ་ལོང་གཡོ་བའི་སེར་སྐྱ་ཡི་ཚོགས་ལ།།

སྙིང་རྗེ་སྙིང་རྗེ་ཟེར་བཞིན་ངལ་མེད་དུ་གཟིགས་ཀྱིས།།

 

ཡི་དམ་འཁོར་ལོའི་བདེ་མཆོག་མཚུངས་པ་ཡི་རྒྱབ་རིའི།།

གཡས་སུ་རྩལ་དགུ་དར་བ་དཔའ་བོ་ཡི་གཞས་ར།།

གཡོན་དུ་ལང་ཚོ་རྫོགས་པ་མཁའ་འགྲོ་ཡི་གཞས་ར།།

གཞས་ར་ཁྲ་མོ་གླུ་གར་མཆོད་པ་ཡི་ཞིང་ས།།

བགྲང་བྱ་དུ་མའི་ཡར་སྔོན་རྒྱུད་ཆེན་གྱི་གོང་མས།།

གཅིག་ལ་གཅིག་གིས་འབྱུང་འགྱུར་ཚ་བོ་ལ་བཞག་པའི།།

གོས་ཆེན་སྦུབ་ཆལ་ལ་སོགས་རྩ་ཆེན་གྱི་རིན་ཆེན།།

ཉེར་གཅིག་དུས་ཚོད་ལ་ཡང་སྟོན་རྒྱུ་ཞིག་ཡོད་དོ།།

 

དགའ་ལྡན་ལྔ་མཆོད་ཙོང་ཁའི་དུས་མཆོད་ཀྱི་ཉིན་ལ།།

དད་ལྡན་སེར་སྐྱའི་ཕྱག་ཟུང་པདྨ་བཞིན་ཟུམ་ཞིང་།།

ཆོས་ཀྱི་དྲིལ་སྒྲ་སིང་སིང་ཡིད་གཟབ་ཀྱིས་ཉན་ནས།།

འགྲོ་བ་རིགས་དྲུག་བསམ་བཞིན་སྨོན་ལམ་རེ་བཏབ་ཀྱིས།།

 

སྙན་སྙན་ཆོས་ཀྱི་སྒྲ་དབྱངས་ལྷང་ལྷང་དུ་ཐོས་དུས།།

མང་མང་མནའ་ལུག་ལ་སོགས་རི་དྭགས་ཀྱི་ཚོགས་དང་།།

འུར་འུར་སྦྲང་མ་ལ་སོགས་འབུ་སྲིན་ཁྱུ་དག །

བྲེལ་བྲེལ་དགོན་པའི་ཤོད་ན་འཚང་ཁའི་ངང་ཡོང་བ།།

 

ས་དགེ་བཀའ་རྙིང་གྲུབ་མཐའི་ཡལ་ག་དེ་མང་ཡང་།།

རྩ་བ་གཅིག་སྟེ་ནང་པ་སངས་རྒྱས་ཀྱི་སྡོང་པོ།།

རི་ཁུག་འདི་ན་གནས་པའི་སྲད་རྒྱུད་ཀྱི་གྲྭ་ཚང་།།

སྟོན་པ་གཅིག་ལ་དད་པའི་དགེ་ལུགས་པའི་དགོན་པ།།

 

ངག་གིས་བརྗོད་ཀྱི་མི་ལང་སྲད་རྒྱུད་ཀྱི་ལོ་རྒྱུས།།

གླུ་ཡིས་བསྟོད་ཚར་མེད་པ་སྲད་རྒྱུད་ཀྱི་དགོན་པ།།

བྲི་ན་ཟད་མཐའ་མེད་པ་སྲད་རྒྱུད་ཀྱི་བཀོད་པ།།

བརྩམ་ན་རྫོགས་ཐབས་མེད་པ་སྲད་རྒྱུད་ཀྱི་ངོ་མཚར།།

 

ཨེ་མ་ཨེ་མ་དེ་འདྲའི་ངོ་མཚར་གྱི་གནས་ཆོག །

ཀྱེ་མ་ཀྱེ་མ་དེ་འདྲའི་བྱིན་རླབས་ཀྱི་དགོན་པ།།

འཆི་བདག་ཞགས་པ་རྐེ་ལ་མ་འཁོན་པའི་བར་དུ།།

ནམ་ཡང་གནས་བཟང་དེ་ལ་སྙན་ཚིག་གིས་བསྟོད་དོ།།


  • ལེ་ཚན་སྔོན་མ།:ཕ་ཡུལ་ཉག་ཆུ་ཁ།
  • ལེ་ཚན་རྗེས་མ།:རིག་པའི་དཔའ་བོ་མཆོག་རྗེས་སུ་དྲན་པ།