རིག་པའི་དཔའ་བོ་མཆོག་རྗེས་སུ་དྲན་པ།

འཁོན་སྲས་རྣོ་ཟེར།        2018-09-05

རབ་མཛེས་མུ་འཁྱུད་གངས་ཀྱིས་བསྐོར་བའི་ཡུལ།།

མདོ་སྨད་རིག་འབྱུང་འཛིན་མའི་ཐིག་ལེ་རུ།།

ཁྱེད་སྐུ་བཅུ་གཉིས་བདག་པོའི་འཛུམ་དཀར་དེ།།

སྙིགས་དུས་གདུལ་བྱས་མ་ཐེག་ཞིང་དུ་གཤེགས།།

 

དཀར་གསལ་མདངས་ལྡན་ཆུ་སྐྱེས་འཛུམ་པའི་སྐུ།།

འགག་མེད་དྲུག་ཅུའི་དབྱངས་དང་སྡེབ་པའི་གསུང་།།

མཁྱེན་གཉིས་དཀྱིལ་འཁོར་མ་ལུས་རྫོགས་པའི་ཐུགས།།

མཁས་དབང་བྱེ་བའི་གཙུག་རྒྱན་རྒྱལ་ཁམས་པ།།

 

ཁྱེད་ཀྱི་རྣམ་དཔྱོད་རིག་པའི་གློག་ཞགས་ཀྱིས།།

ཕྱི་ནང་ཤེས་བྱའི་དཀྱིལ་འཁོར་ཟླུམ་པོར་བཅིངས།།

སྲིད་དོན་གཙོ་ཆེར་གླེང་བའི་དེབ་དཀར་ཉིད།།

རང་རིགས་སྲོག་དབང་གསོ་བའི་སྐྱེས་སུ་ཕུལ།།

 

ཤེས་ལྡན་གཟུ་བོའི་གྲལ་ན་མངོན་འཕགས་པ།།

སྔར་མེད་རིག་ལམ་གསར་བའི་ཤིང་རྟ་པ།།

རྒྱལ་ཁམས་རིག་པའི་བསྐོར་བའི་མདོ་སྨད་པ།།

ངེས་དོན་མཁས་པའི་དབང་པོ་ཁྱེད་མིན་སུ།།

 

འཆད་རྩོད་རྩོམ་པའི་ལས་སུ་མངའ་དབང་འབྱོར།།

མ་རུང་རྒོལ་ངན་འུག་པའི་ཁྱུ་ཚོགས་ལ།།

ཚུལ་གསུམ་ཚད་མའི་ལམ་ནས་བརྡ་སྤྲད་དེ།།

མི་འདོད་སྐྱེངས་པ་སྟེར་མཁན་ཁྱེད་མིན་སུ།།

 

རབ་དཀར་ལྷག་བསམ་འོ་མཚོའི་རླབས་དང་འདྲེས།།

རྔམས་བརྗིད་རི་ཆུ་སྟོང་ཕྲག་འཕྲེད་ཀྱིས་བཅད།།

སྙན་གྲགས་གསེར་གྱི་སྤྲིན་པས་ས་ཆེན་ཁེབས།།

རྒྱལ་ཁམས་རིག་པའི་སྐོར་མཁན་ཁྱེད་མིན་སུ།།

 

འཕགས་བོད་ཀུན་ལ་གྲགས་པའི་གཞུང་བཟང་སྟེ།།

ཀླུ་སྒྲུབ་དགོངས་རྒྱན་ཞེས་བྱར་གྱུར་བ་ཞིག།

མུ་འཁྱུད་ཀེ་ལ་ཤ་ཡི་དབུ་རྩེ་ནས།།

གླིང་བཞིའི་ཁྱོན་ལ་འགྲེམ་མཁན་ཁྱེད་མིན་སུ།།

 

གཞན་གྱི་ཟེར་སྒྲོས་ཙམ་དེ་རྗེས་བཟློས་ཀྱིས།།

ཡབ་མེས་རྣམ་ཐར་འཆད་མཁན་མང་མཐོང་མོད།།

འདས་དོན་ལོ་རྒྱུས་བསྡུར་ནས་ངོ་སྤྲོད་མཁན།།

ངེས་དོན་བོད་ན་མཁས་དབང་ཁྱེད་མིན་སུ།།

 

གཞན་གྱིས་ལྟ་ལོག་ཟེར་ནས་སྨད་ཀྱང་ཆོག།

འགའ་རེས་གྲྭ་ལོག་ཟེར་ནས་སྡིག་ཡང་རུང་།།

གཟིམ་མེད་འོད་དུ་མཚེར་བའི་ཟླ་གཞོན་ཁྱེད།།

སྐད་རིགས་གྲུ་ཆར་འཇོ་བའི་མཁས་དབང་ཡིན།།

 

བདེན་དོན་སྨྱུག་རྩེར་བཞུར་བའི་རྒྱལ་ཁམས་པ།།

རིག་པའི་གེ་སར་འཛུམ་པའི་རྒྱལ་ཁམས་པ།།

སྐུ་སྲོག་བོད་ལ་བསྟིམས་པའི་རྒྱལ་ཁམས་པ།།

དངོས་གནས་གངས་རིའི་དཔའ་བོ་རྒྱལ་ཁམས་པ།

 

གཞན་དོན་རྐྱང་བར་འབད་པའི་རྒྱལ་ཁམས་པ།།

གླེན་པའི་མིག་གི་ཚེར་མ་རྒྱལ་ཁམས་པ།།

གསུང་པོད་བོད་ལ་བཞག་པའི་རྒྱལ་ཁམས་པ།།

གཞོན་སྐྱེས་སེམས་ཀྱི་ཉིན་བྱེད་རྒྱལ་ཁམས་པ།།


  • ལེ་ཚན་སྔོན་མ།:གཙང་དཔལ་ལྡན་སྲད་རྒྱུད་དགའ་ལྡན་ཕོ་བྲང་དགོན་ལ་བསྔགས་པ་ཡིད་འོང་མེ་ཏོག་ཆུན་པོའི་སྙན་ཚིག་དྲི་ཞིམ་ཅན་ཞེས་བྱ་བ་བཞུགས་སོ།
  • ལེ་ཚན་རྗེས་མ།:ཆེས་རིང་བའི་འགྲེལ།