ལྷ་དར་འགྱུར་མེད་རྡོ་རྗེ། 2018-09-04
འཛམ་གླིང་གི་ཡང་རྩེ་མི་ཡུལ་གྱི་དག་ཞིང་།
གངས་ལྗོངས་ཀྱི་ཤར་ཕྱོགས་མཛེས་སྡུག་གི་ཕ་གཞིས།
ཉིན་མོ་ཡི་སེམས་རྟེན་མཚན་མོ་ཡི་རྨི་ལམ།
ཕ་མ་ཡི་ཁྱིམ་གཞིས་སྐྱིད་པའི་ཕ་ཡུལ།
ང་ཡི་བརྗེད་དཀའ་བ་ནི་ཁྱེད་ཡིན་ལ།
ང་ཡི་དྲན་སླ་བའང་ཁྱེད་ཡིན།
ཕ་ཡུལ་ལགས་སྐྱིད་པའི་ཉག་ཆུ་ཁ།
རྫ་ཆུ་སྔོན་མོ་ལྷང་ལྷང་དུ་བབས་པའི་ཡུལ་ཁམས་བདུད་
རྩི་བསིལ་མའི་རང་སྒྲ།
བེ་ཤའི་རོ་མཆོག་འཛམ་གླིང་ལ་ཁྱབ་པའི་ལྟེ་བ་རང་བྱུང་གི་ཞིང་ས།
རོང་འབྲོག་འཚོ་བ་སྣ་མང་འཛོམས་པའི་ས་ཆ་ལོངས་སྤྱོད་
ཀྱི་བང་མཛོད།
དྲོ་གྲང་འཚམ་པའི་གནམ་གཤིས་དུས་བཞི་ལ་སྦྲེལ་བའི་ལུས་
སེམས་ཀྱི་ངལ་སྟེགས།
ཕ་ཡུལ་ལགས་སྐྱིད་པའི་ཉག་ཆུ་ཁ།
ང་ཡི་བརྗེད་དཀའ་བ་ནི་ཁྱེད་ཡིན་ལ།
ང་ཡི་དྲན་སླ་བའང་ཁྱེད་ཡིན།
ཕ་ཡུལ་ལགས་སྐྱིད་པའི་ཉག་ཆུ་ཁ།
ཁམས་པའི་ཕོ་རྒོད་དཔའ་རྩལ་འགྱིང་པའི་ལྷག་བསམ་གྱི་
གངས་རི་དཀར་པོ།
ཁམས་པའི་བུ་མོ་འཛུམ་མདངས་རྒྱས་པའི་བྱམས་བརྩེ་ཡི་རྩྭ་
ཐང་ཡངས་པོ།
ཇ་རྟའི་གནའ་ལམ་གྲུ་ཁ་དང་པོ་ལོ་རྒྱུས་ཀྱི་རྡོ་རིང་བརྟན་པོ།
གསུམ་གཅིག་བརྒྱད་ཀྱི་བཞུད་ལམ་ཕྲ་མོ་མཛའ་བརྩེའི་ཟམ་
ཆེན་རིང་པོ།
ཕ་ཡུལ་ལགས་སྐྱིད་པའི་ཉག་ཆུ་ཁ།
ང་ཡི་བརྗེད་དཀའ་བ་ནི་ཁྱེད་ཡིན་ལ།
ང་ཡི་དྲན་སླ་བའང་ཁྱེད་ཡིན།
ཕ་ཡུལ་ལགས་སྐྱིད་པའི་ཉག་ཆུ་ཁ།
ནགས་ཚལ་སྟུག་པོར་ལྷ་བྱའི་གསུང་སྐད་ཞི་བདེ་
ཡི་རང་མདངས།
མ་ཎིའི་དབྱངས་ཀྱི་བྱིན་རླབས་དྲོན་མོ་མེས་པོ་ཡི་གཅེས་ནོར།
དབྱངས་གསལ་སོ་བཞིའི་རང་སྐད་གསོན་པོ་བུ་རབས་ཀྱི་ཚེ་སྲོག
རེ་སྨོན་འབུམ་གྱི་མིག་ཟུང་ཕྲ་མོ་མཐའ་མེད་ལ་
ཅེར་པའི་ང་ཡི་ཕ་ཡུལ།
སྐྱིད་པའི་ཉག་ཆུ་ཁ་ང་ཡི་བརྗེད་དཀའ་བ་ནི་ཁྱེད་ཡིན་ལ།
ང་ཡི་དྲན་སླ་བའང་ཁྱེད་ཡིན།
ཕ་ཡུལ་ལགས་སྐྱིད་པའི་ཉག་ཆུ་ཁ།
ངའི་ཕ་ཡུལ་ངའི་སེམས་ནང་གི་སྐྱིད་པའི་ཉག་ཆུ་ཁ།
རྩོམ་གསར། 10