གཙང་ཞོགས་སྤྲིན། 2018-08-31
སྤང་མེ་ཏོག་སྣ་བརྒྱའི་ཡང་སྟེང་ན།།
དགོང་སྐར་ཚོགས་འབུམ་གྱི་མར་ཞབས་ན།།
སྦྲ་མཐིང་སྨུག་གྲུ་བཞི་ལྷམ་མེར་ཆགས།།
ང་འབྲོག་པའི་འཚོ་གནས་དེ་ན་ཡོད།།
རྟ་ནོར་ལུག་མང་པོའི་སུག་རྗེས་ན།།
སྙན་རྫི་གླུ་རིང་མོའི་བར་གསེང་ན།།
ཞོ་འོ་མའི་མཚོ་མོ་དགུང་ལ་འཕྱུར།།
ང་འབྲོག་པའི་འཚོ་བ་དེ་ན་ཡོད།།
རི་ལ་ལུང་མང་པོའི་སྦྲེལ་མཚམས་ན།།
ཆར་སེར་བ་མོད་པོའི་སྦྲ་མཐིལ་ན།།
མར་ཆུར་བ་རི་བོའི་གཏོས་དང་མཉམ།།
ང་འབྲོག་པའི་དགོད་སྒྲ་དེ་ན་ཡོད།།
དུས་ནམ་གུང་ཙམ་གྱི་མུན་ཁྲོད་ན།།
གན་སྒོ་ཁྱིའི་ཟུག་སྐད་འཇགས་དུས་ན།།
ཁྱིམ་སྒྱེད་པུའི་འགྲམ་ན་ཤབ་ཤུབ་ཅིག།
ང་འབྲོག་པའི་སྙན་ངག་དེ་ན་ཡོད།།
ན་མེ་ཏོག་བཞད་པའི་རྩྭ་ཐང་ན།།
ལུག་གཡང་དཀར་སྟོང་གི་སྣེ་མཐའ་ན།།
སེམས་བསམ་པ་འདྲིས་པའི་སྙིང་གཏམ་ཞིག།
ང་འབྲོག་པའི་གཏམ་རྒྱུད་དེ་ན་ཡོད།།
སྦྲ་མཐིང་སྨུག་གྲུ་བཞིའི་སྒོ་འགྲམ་ན།།
སྐྱིད་གཡང་ལ་འཁོར་བའི་ལྷས་ར་ན།།
བཞོ་དགོ་དགོ་འབྲོག་མོའི་ངག་ན་སྙན།།
ང་འབྲོག་པའི་དབྱངས་རྟ་དེ་ན་ཡོད།།
རྩོམ་གསར། 10