ཟླ་བདུན་པའི་ནང་གི་ང་།

གངས་ཚ་འཇོམས།        2018-08-29

ནམ་མཁར་སྤྲིན་ནག་འཁྲིགས་ནས།

བར་མ་ཆད་པར་གློག་དམར་འཁྱུག་བཞིན། འབྲུག་གྲགས་བྱུང་།

ལུས་སེམས་གཉོམ་དྲགས་པས།

ཤག་ཤག་བབས་པའི་ཆར་བའི་སྒྲ་ལས་ཅི་ཡང་ཐོས་མ་བྱུང་།

ཟླ་བདུན་པ། དབུགས་འབྱིན་རྔུབ་ཀྱི་བར་ནས་དེ་ལྟར་འདས་སོང་།

ངའང་ཕ་ཡུལ་དང་ཁ་གྱེས་ནས་ཟླ་གཅིག་ལྷག་འགོར་འདུག

 

འདི་ག་ནས་ངས་མཚན་མོ་རེ་རེར། 

སྒེའུ་ཁུང་ལས་སྒོར་སྒོར་གྱི་ཟླ་བ་ལ་བལྟས་ནས།

ཞི་བའི་མིག་ཟུང་ལས་ཉི་ཟླའི་རྣ་ཆ་མཐོང་བྱུང་།

སྡོང་བོའི་ཡལ་གའི་རྩེ་མོ་ནས་ཆུ་ཐིགས་ཟེགས་པ་ནི།

ཤན་པའི་ལག་གི་རལ་གྲི་ལས་སྙིང་རྗེ་འཁྲུངས་བ་དང་འདྲ།

སྐབས་འགར། 

ངས་གྱང་ངོས་སུ་རང་ཉིད་མཚོན་བྱེད་ཀྱི་སྙན་ངག་ཅིག་བྲིས།

 

རི་བོའི་ཕྲག་གོང་ནས། 

རྟ་ཁྱུ་ཞིག་ཉི་ནུབ་དང་མཉམ་དུ་ཕར་རྒྱབ་ཏུ་ཡལ།

མཛའ་བཤེས་དང་བྲལ་བའི་ཁོ་བོས། 

རྒྱང་རིང་ནས་ཁ་རོག་གེར་ཁེར་རྐྱང་གི་གདུང་བ་རུམ་ནས་བསྡད།

མཚམས་མཚམས་སུ། མི་ཚོགས་དག་གཉིད་དུ་ཡུར་རྗེས།

ཁ་པར་ལས་གཞས་སྙན་མོ་ཞིག་ལ་ཉན་ཏེ། 

མཚན་ལམ་རིང་མོ་ཞིག་བསྐྱལ།


  • ལེ་ཚན་སྔོན་མ།:འཆར་ཡན་བན་བུན། དྲན་པ་རབ་རིབ།
  • ལེ་ཚན་རྗེས་མ།:འབྲོག་གི་དབྱངས་རྟ།