འཛུམ་ཟེར། 2018-08-28
བརྩེ་གདུང་གི་ལས་བསྐོས་དང་།
ཡིད་སེམས་ཀྱི་གསང་བ་མཐའ་དག་སྙན་མོ་ངག་ལ་དྲངས་ནས་གླུ་རུ་བླངས་དུས།
གཞོན་པའི་འཆར་ཡན་རི་མོར་ངོ་མཚར་གྱི་ཕྱུག
འདུ་འབྲལ་མིག་ཆུའི་ལོ་ཟླར་བདེ་སྐྱིད་ལྡན།
སྒོ་ཁྱིའི་ཟུག་སྐད་དང་།
ཁུ་བྱུག་གསུང་སྐད་གང་ཡང་མ་ཡིན་པའི།
འགྱུར་ཁུགས་ཀྱི་གདངས་ནས་ན་ཟུག་མངོན་ཅིང་།
སྡེབ་སྦྱོར་གྱི་དབྱངས་ལ་བརྩེ་བ་སྦས་པ།
ཉམས་འགྱུར་གྱིས་མིག་ཆུ་སྟེར་ལ།
གླུ་ངག་གི་ཡིད་སེམས་བཀུག་པ།
འཇིག་རྟེན་པའི་ངག་དབང་ལྷ་མོ།
བརྩེ་བའི་ཟབ་གཏེར་སྦས་ཏེ།
འཇིག་རྟེན་གང་ཞིག་ལ་བཞུགས་ཡོད།
རི་བོ་དེའི་དར་ལྕོག་ཟད་སོང་།
རེ་སྒུག་གི་འདབ་ལོ་ཡང་ཡལ་སོང་།
ཡིན་ནའང་།
ཟླ་ནས་ཟླ་བར། ལོ་ནས་ལོ་བར།
བསྐལ་བ་ནས་བསྐལ་བ་བར།
ཚ་དྲོད་མ་ཡལ་བའི་སེམས་པ་ཞིག་གིས།
འཁྱག་སིབ་སིབ་ཀྱི་དགུན་གཞུང་ཁྲོད་ན་ཁྱོད་ལ་སྒུག་འདུག
སྔོ་ལྗང་ལྗང་གི་ལོ་མའི་གསེབ་ནས་ཁྱོད་ལ་བལྟས་འདུག
འདར་སིག་སིག་གི་གསེར་ལྗོངས་ཡུལ་ནས་ཁྱོད་རང་དྲན་གྱིན་འདུག
རླུང་དམར་གྱི་རི་ལུང་གང་བའི་དཔྱིད་ཀའི་དུས་ཀྱང་ཁྱོད་རང་བཙལ་བཞིན་འདུག
ལང་ཤོར་དང་བརྩེ་བའི་བསླུས་པའི་སེམས་པ་དེ།
ཡང་ཤི་ཡང་སོས་ཀྱི་སྡུག་བསྔལ་ཁྲོད་ནས་རིང་དུ་གྱེས།
རིང་དུ་གྱེས། རིང་དུ་གྱེས་་་་་་་་་་་
རྩོམ་གསར། 10