སྦྲང་བུ། 2018-08-28
སྒེའུ་ཁུང་འདི་ནས་ཆོ་འཕྲུལ་དཀར་ནག་འདབ་མ་གྲོལ་བ་ཅིས་མ་བདེན།།
རྒྱང་རིང་ཞིག་ལ་མེ་ཏོག་བཏབ་པའི་མཚན་མོའི་ལྟད་མོ་མིག་ཏུ་ལྷུང་།།
ཡིག་འབྲུ་སྐྱ་བོའི་གདོང་དུ་བྱུགས་པའི་ང་ཡི་འཆི་བ་དཀར་ནག་ཅིག།
འཆི་བའི་ངོགས་སུ་ཉིན་སྲིབ་གཉིས་ཀའི་མི་ཚེ་འབྲི་བཞིན་ད་བར་དུ།།
མེ་ལོང་འཁྱག་པོའི་སེམས་ཀྱི་སྟེང་ན་འདབ་མ་དྲུག་གི་མཚོ་མོ་འཕྱུར།།
རྒྱང་རིང་དེ་ཡི་མུན་པ་འཆར་བའི་མཚན་མོའི་སྣང་བ་འདམ་དུ་ཉུལ།།
ནམ་ཞིག་བཞད་པའི་མཚན་མོའི་སྣང་བ་བར་ཐག་ཅིག་གི་ལམ་དུ་གྱུར།།
ཆགས་སེམས་ཕྲ་མོས་རྨི་ལམ་དེད་པའི་ནམ་ཞིག་ནམ་ཞིག་ཉེ་བར་གྱུར།།
རྨི་ལམ་སྟེང་གི་མཚན་མོའི་གཞས་ཚིག་ཡང་དུ་ལེན་པའི་ཁྱེད་རང་ལ།།
སྒྲུང་གཏམ་ཞིག་གི་བས་མཐའ་བཟུང་ནས་ཨེན་ཙམ་ངང་གི་ཁྱེད་རང་འབྲི།།
ཐག་རིང་གི་སྤྲིན་པ།
མཚན་མོ་སྟོང་གི་བཞིན་རས་འཁྱག་པའི་རབ་རིབ་ནང་།།
ཡོལ་བ་ནག་པོའི་གླུ་གཞས་བཏང་བའི་སེམས་འདི་འཚུབ།།
སེམས་པའི་ཞག་ལ་ལྟད་མོ་ཡོང་བའི་སྐབས་ཤིག་ལ།།
བྱེ་ཐང་གསོན་པོར་མུན་པས་གཡོགས་ནས་སྨུག་པ་ཆགས།།
མར་མེ་བཞིན་དུ་སྐད་ཅིག་མཐའ་མའི་ལང་ཚོ་ཡང་།།
ཞག་གི་ཀློང་ནས་དགུན་ཁ་ཚེས་བའི་ངོ་གདོང་འདར།།
ཀྱེ་མ་འཛུམ་གྱིས་ནགས་ཚལ་སྟུག་པའི་ཡུ་མོ་ལགས།།
མེ་ལོང་འཁྱག་པས་མི་ཚེ་བསུ་བའི་སྐབས་ཤིག་མེད།།
དཀར་ནག་མོད་པོའི་མི་ཚེ་འཁྱོངས་བའི་ལས་དེ་འོ།།
ཐག་པ་རིང་པོའི་རྒྱང་རིང་འཐེན་པའི་དུས་ཚོད་འདི།།
ཐག་རིང་ཞིག་གི་རྟ་ཕོ་འདྲོགས་པའི་སྣང་བ་ཙམ།།
མཚན་མོའི་ཞག་ལ་གླུ་གཞས་འཁྱག་པའི་སེམས་དེ་ཡང་།།
ལྗོན་པའི་སྟེང་གི་ཆོ་འཕྲུལ་སེར་པོ་ཅི་ཞིག་ལགས།།
སྣང་བ་བཀུག་པའི་ཕ་ཡུལ་ཞིག་ལ་འདི་ལྟར་ལབ།།
སྨྲེང་བའི་གཙང་བོ།
རྒྱང་རིང་སྤྲིན་པ་མཐོང་བའི་སེམས་ཀྱི་གཡས་ཕྱོགས་ན།།
ཡིད་འགྱུ་དམར་པོ་གློད་ཀྱི་སྤྲིན་པས་གཞས་ཤིག་བཏང་།།
རྒྱང་རིང་ངག་ཏུ་གྱེར་བའི་འཁྱག་པའི་གདངས་ཤིག་སྣང་།།
ག་ལེར་དབྱངས་སུ་བཏེགས་པའི་ཁྱེད་ཀྱི་མཚན་མོ་བྲིས།།
རྒྱང་རིང་ཤར་དུ་གཏོང་བའི་རྒྱང་རིང་ནམ་མཁའ་ལ།།
སྨག་རུམ་སྐད་ཅིག་གཏོང་བའི་མཐའ་ཡས་རྩྭ་ཐང་བྲིས།།
ཆོ་འཕྲུལ་དཀར་ནག་བར་གྱི་གླེང་མོལ་བས་མཐའ་ན།།
གྲིབ་མའི་འཇིག་རྟེན་སྟོང་བའི་བདག་ཉིད་ཡུལ་ཞིག་གྲུབ།།
རྒྱང་རིང་སྨྲེང་བ་ཞེན་པའི་རྣམ་སྨིན་དཀར་ནག་གམ།།
ང་རང་འཇིགས་པའི་དབང་གིས་ཉེས་པའི་འབྲས་བུ་ཡིན།།
ནམ་ཡང་ཅེར་བའི་བར་ཐག་ངོགས་ཀྱི་མེ་ཏོག་ལ།།
མེ་ལོང་འཁྱག་པའི་ཉིན་སྲིབ་གཉིས་ལ་མི་ཞིག་བྲིས།།
སྒྲུང་གཏམ་ནང་བཞིན་སྐྱོ་བ་ཟབ་མོའི་རྒྱ་མཚོ་བྲིས།།
རྒྱང་རིང་ངོགས་སུ་མི་སྣ་གཉིས་ཀྱི་སྒྲུང་གཏམ་བྲིས།།
རྩོམ་གསར། 10