བོད་ཀྱི་སྙན་ངག་པའི་མཚན་མོ།

སྟོབས་རྒྱལ།        2018-08-22

བསམ་གཞིག་གི་དབྱིངས་ན་འཐིམ་པའི་འོད་ཀྱི་ཉག་མ་འདི་ནི།

ཕུགས་བསམ་གྱི་གཤོག་སྣེ་རུ་ཤར་བའི་སྣང་བརྙན་ཏེ།

མགྲིན་པའི་ངག་སྒོ་ན་འཚང་བའི་གླུ་སྐད་རིང་མོ་དེ་ཡིན།

ཟླ་འོད་ཀྱི་འོག་ནས་ཁྱེད་ཀྱིས་ཚོར་སྣང་བཏུས་ཤིང་།

རེ་འདུན་གྱི་ཀློང་ནས་ཁྱེད་ཀྱིས་དྲི་བསུང་འཐུས།

ཁྱེད་ཀྱི་ཁ་དོག་ཁོ་ན།

བདག་གི་སེམས་རྟེན་ཡིན།

གློ་སྙིང་བར་མཚམས་ན།

དྲོད་ཤ་མ་ཡལ་བའི་སྙན་ངག་གི་ཁྲག་རྒྱུན་རྒྱུགས་ཡོད།

བརྩེ་བའི་ནང་ཁྲོལ་ན།

དྲི་མའི་མ་སླད་པའི་སྙན་ངག་གི་མིག་ཟུང་བགྲད་ཡོད།

དུས་རྒྱུན་ཕྲག་ཏུ་ཁུར་བའི་སྙན་ངག་ཅེས་པའི་མིང་བྱང་འདི་ཡང་།

སེམས་པའི་སྒེའུ་ཁུང་ངོས་སུ།

རྦ་རླབས་བཞིན་སྐྱོམས་ཡོད།

གང་ཞིག་ནས་ངོ་ཤེས་ཤིང་།

ནམ་ཞིག་ལ་བྲལ་བར་འགྱུར་བཤད་དཀའ་མོད།

གང་ལྟར། འུ་གཉིས་ཀྱི་བར་ལ།

བཤད་མི་ཚར་བའི་དགའ་སྐྱོའི་ཆགས་སྡང་དང་།

གླེང་མི་ཚར་བའི་མི་ཡུལ་གྱི་མཐོང་ཐོས་ཡོད།

དུས་ཀྱི་ཀློང་རུམ་ན།

ཉིད་ཀྱི་འོད་མདངས།

མི་ཚེའི་ལམ་སྟོན་ཡིན་ལ།

དྲན་པའི་རྟོག་འགྱུ་ཡིན།

ཚོར་བའི་ཀློང་ནས་བྲིས་པའི་ཐ་སྙད་འདི་དག་ཀྱང་།

སྙན་ངག་གི་གནང་བའི་དངོས་གྲུབ་ལོས་ཡིན།

སྙན་ངག་ནི་ནམ་ཡང་སྙན་ངག་སྟེ།

ངའི་ཚེ་རབས་འདིའི་ཕ་མཐའ་ན་འཛུམ་པའི།

གོ་ཆ་རྫོབས་པོ་དེ་ཡིན་ལ།

མི་ཚེའི་སྲོག་ཐག་དང་འབྲེལ་བའི་རྩ་ཁ་དྲང་མོ་དེ་རེད་ཅེས་བརྗོད་

ཆོག་ཏེ།

རྒྱུ་མཚན།

སྙན་ངག་གི་ང་ལ་རང་དབང་གི་འཚོ་བ་གསར་བ་ཞིག་སྦྱིན་ཞིང་།

དུང་ཞེན་གྱི་མྱོང་བྱ་ལྷག་མ་ཞིག་གནངས་སོང་བས།

དུས་དང་སྐབས་ལ་ལར།

ཡང་ན་ཉིན་གཅིག་གི་ཕྱོགས་མཚམས་ཀུན་ནས།

ང་རང་མུ་མེད་ཀྱི་མཁའ་དབྱིངས་ལ་ཅེར་ནས།

སྙན་ངག་དང་མཉམ་དུ་ཁ་བརྡ་བྱས་པ་ཐེངས་གཅིག་ག་ལ་ཡིན།

དེར་བརྟེན།

དོ་ནུབ། སྙན་ངག་པའི་མཚན་མོ་འདིར་ཡང་།

ངའི་རྣམ་དག་གི་སེམས་པ་དྭངས་མོ་ཞིག།

སྙན་ངག་ལ་འབུལ་ཆོག་ཆོག་ཡིན་སྙམ།


  • ལེ་ཚན་སྔོན་མ།:རྨི་ལམ་གྱི་བདག་མོ།
  • ལེ་ཚན་རྗེས་མ།:མཚན་མོའི་སྣང་བ།༼ཞར་བཀོད་གཉིས།༽